R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༡༩
[A:༢༡༩]པའི་ཚུལ་ནི། དེ་ལྟར་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀོད་མ་ཐག་པ་ནས་ལོ་དེར་ཕྱོགས་མཐའ་དག་ནས་འདུས་པའི་དོན་གཉེར་སུམ་བརྒྱ་སྐོར་ལ་གསུང་ངག་རིན་པོ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབུ་བཙུགས་པ་ནས་བཟུང་སྟེ་ལྕགས་མོ་སྦྲུལ་ལོའི་བར་གྱི་ལོ་བཅུ་བར་མ་ཆད་པར་དགུན་གྱི་དུས་སྟོད་མངའ་རིས། བར་དབུས་གཙང༌། སྨད་མདོ་ཁམས་རྣམས་ནས་གདུལ་བྱ་སྐལ་བ་དང་ལྡན་པ་རྫོགས་ལྡན་དུས་ཀྱི་སྤྲིན་ཕུང་བཞིན་དུ་འདུས་པ་རྣམས་ལ། རྒྱལ་བའི་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་དུ་གྱུར་པ་གྲུབ་ཆེན་བིརྺ་པའི་ཐུགས་བཅུད་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་དང༌། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་པ་དང༌། དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་རྒྱུ་དུས་ཀྱི་དབང་བསྐུར་བ་དང༌། ལམ་གྱི་དངོས་གཞི་རྒྱུད་གསུམ་གྱི་ཁྲིད་དང༌། དེ་དག་གི་སྐབས་སུ་ལམ་དུས་ཀྱི་དབང་དང༌། ཆ་ལག་ཏུ་གཏོགས་པའི་བྱིན་རླབས་རྣམས་དང༌། རྒྱབ་རྟེན་གྱི་ལུང་དང་བཅས་པ་ཤིན་ཏུ་རྒྱས་པ་ཚར་རེ་དང༌། དཔྱིད་ཀྱི་དུས་དོན་དུ་གཉེར་བ་སུམ་བརྒྱ་སྐོར་ལ། བསྟན་པ་རིན་པོ་ཆེའི་གཞིའམ་རྩ་བ་ལྟ་བུར་གྱུར་པའི་དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་གི་སྡོམ་པ་རྣམས་རིམ་པ་བཞིན་དུ་འབོགས་པར་མཛད་པ་རྣམས་ནི་ལོ་བསྟར་བཞིན་ཆག་མེད་ཡིན་ལ། དེ་ལྟ་བུའི་རྒྱུན་ཆོས་ཙམ་དུ་མ་ཟད་དབྱར་དགུན་ལ་སོགས་པའི་དུས་ངེས་མེད་རྣམས་སུའང་གསང་སྔགས་རྡོ་རྗེ་ཐེག་པའི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་རྣམས་ཀྱི་མངོན་པར་དབང་བསྐུར་བ་དང༌། བྱིན་གྱིས་བརླབ་པ་དང༌། རྗེས་སུ་གནང་བ་དང༌། རིག་པ་གཏད་པ་ལ་སོགས་པ་རབ་ཏུ་མང་པོ་དང༌། དེ་རྣམས་དང་རྗེས་སུ་འབྲེལ་པའི་བསྐྱེད་རྫོགས་ཀྱི་ཁྲིད་དུ་མ་དང༌། རྒྱབ་རྟེན་གྱི་ལུང་དང༌། ལག་ཏུ་བླང་བའི་ཚུལ་རྣམས་དང༌། བླ་མ་གོང་མའི་བཀའ་འབུམ་གྱི་