[A:༢༢༠]ལུང་ལ་སོགས་པ་མདོར་ན་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ཏེ། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དང༌། སྨིན་པ་རྣམས་གྲོལ་བར་མཛད་དེ་འཁོར་བ་དང་ངན་སོང་གི་སྒོ་ནི་བཀག་པ་བཞིན་དུ་གྱུར། མངོན་མཐོ་དང་ངེས་ལེགས་ཀྱི་སྒོ་ཐམས་ཅད་ནི་དུས་གཅིག་ཏུ་ཕྱེ་བ་བཞིན་མཛད་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་ཀྱང་བསྟན་འགྲོའི་དོན་འབའ་ཞིག་ལ་དགོངས་ཏེ་ཕྱག་ལེན་ཕྲ་ཞིང་ཕྲ་བ་ཚུན་ཆོད་ཀྱང་སླ་ཆོས་སུ་མ་སོང་བར་མཛད་ཅིང༌། གཞན་རྣམས་ལའང་དེ་ལྟར་བྱ་དགོས་པའི་བཅའ་བ་དམ་པོ་མཛད་པ་ནི་བསྟན་པའི་གསོས་སུ་སྨིན་པའི་རྣམ་ཐར་ངོ་མཚར་བ་ཞིག་གོ །དགུང་ལོ་སོ་བདུན་པ་ཆུ་སྤྲེལ་ལོའི་ཧོར་ཟླ་ལྔ་པའི་མཇུག་ཙམ་ན་འོག་མིན་གཉིས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཁྲི་མཇལ་ལ་ཕེབས་ཏེ། ས་སྐྱ་གཞུང་དུ་མཎྜལ་སྔོན་དུ་འགྲོ་བའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༌། དར། རས། ལིང༌། གོས་ཆེན་ཡུག་བ་མ་ལ་སོགས་པའི་ཚན་གྲངས་མང་པོ་དང༌། མཆོད་ཆའི་སྐོར་སྣ་ཚོགས་པ་དང༌། མ་ཧཱ་ཙི་ནའི་ཡུལ་གྱི་ལྗོན་འདབ་འཁོར་དྲུག་བཅོ་ལྔ་དང༌། རྒྱ་དངུལ་འདེགས་སྲང་ལྔ་བཅུ་ཐམ་པ་དང༌། ཆིབས་པ་གཉིས་དང་བཅས་པའི་དངོས་འབུལ་རྒྱ་ཆེ་བ་དང༌། འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ་པ་དང༌། སྔགས་འཆང་གྲུབ་པའི་དབང་ཕྱུག་ངག་དབང་ཀུན་དགའ་རིན་ཆེན་པ་དང༌། མཐའ་ཀླས་འགྲོ་བའི་སྐྱབས་གཅིག་མགོན་པོ་དངོས་གྲུབ་དཔལ་འབར་བ་དང༌། ལུང་རིག་སྨྲ་བའི་གཙུག་རྒྱན་འཇམ་མགོན་ཀུན་དགའ་རྒྱལ་མཚན་པ་རྣམས་ཀྱི་སྐུ་སྒེར་སོ་སོར་བཀྲ་ཤིས་པའི་ལྷ་རེག་སྔོན་དུ་འགྲོ་བའི་ཚན་གྲངས་ཁ་ཤས་དང༌། ལྗོན་འདབ་འཁོར་དྲུག་ལྔ་རེ་དང༌། ས་སྐྱ་ཞབས་པད་པར་ལྗོན་འདབ་འཁོར་ལྔ་དང༌། རྗེ་བཙུན་མ་སོ་སོར་ལྗོན་འདབ་འཁོར་དྲུག་རེ་རེ་བཅས་དང༌། གཞན་ཡང་གསོལ་