[A:༢༢༡]གཟིམ་མཆོད་གསུམ་དང༌། མགྲོན་གཉེར་དང༌། དྲུང་ཡིག་དང༌། ལྡེ་ཕྱུང་བ་དང༌། རྩཱ་གཉེར་དང༌། ཤིང་གཉེར་སོགས་ལའང་རང་རང་གི་གོ་བབས་དང་བསྟུན་པའི་གནང་སྦྱིན་གང་ལ་གང་འོས་དང༌། ཁྱད་པར་ཆོས་སྡེ་ལྷོ་བྱང་གི་ལྷ་ཁང་ཁག་རྣམས་སུ་བཞུགས་པའི་རྟེན་གསུམ་ངོ་མཚར་བ་རྣམས་ཀྱི་མདུན་དུ་མཆོད་པའི་ཁྱད་པར་ཤིན་ཏུ་རྒྱ་ཆེ་བ་དང༌། སྤྲུལ་པའི་ལྷ་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་འགྱེད་དང་བཅས་པའི་བསྙེན་བཀུར་གྱ་ནོམ་པ་བཅས་བསྒྲུབས་ནས་ཧོར་ཟླ་དྲུག་པའི་མཇུག་ཏུ་ཨེ་ཝྃ་དུ་ཕེབས་པ་དང༌། གཞན་ཡང་སྐུའི་འཕྲོད་བཞེས་ཀྱི་ཚ་རོང་ཆུ་ཚན་དུ་སྔ་ཕྱིར་ཚར་ཁ་ཤས་ཕེབས་པ་མ་གཏོགས་ངོར་རང་དུ་བཞུགས། རྗེ་འདི་དགུང་ལོ་ཞེ་གཉིས་པ་དབང་ཕྱུག་གི་ལོར་སྡེ་དགེ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པའང་དབུས་གཙང་དུ་ཕེབས། ས་ངོར་གཉིས་ཀྱི་གཙོ་བྱས་པའི་དགོན་སྡེ་ཡོད་དོ་ཅོག་ལ་བསྙེན་བཀུར་རྒྱ་ཆེན་པོ་བསྟབས། རྗེ་འདི་ལའང་སངས་རྒྱས་དངོས་ཀྱི་འདུ་ཤེས་མཛད་ཅིང༌། ལན་ཅིག་ཆོས་རྒྱལ་དེ་ཉིད་ཨེ་ཝྃ་པའི་ལྷ་ཁང་རྣམས་མཇལ་དུ་བྱོན་པ་དང་ཆབས་ཅིག་རྗེ་འདིས་ཀྱང་རྟེན་གསུམ་རྣམས་ཀྱི་བྱུང་ཁུངས་སོགས་གསུང་བཞིན་ཕེབས་པའི་ཚེ། གཙང་ཁང་དུ་ཆོས་རྒྱལ་མཆོག་ནས་ཐུབ་ཆེན་རིན་པོ་ཆེར་འབུལ་རྒྱུའི་སྙན་དར་ཞིག་རྗེ་འདིའི་ཕྱག་ཏུ་ཕུལ་བ་ལྟར་རྗེ་འདིས་ཀྱང་ཐུབ་དབང་རིན་པོ་ཆེར་སྒྲོན་པ་ན། གང་ནས་བྱུང་ཆ་མེད་པར་སྙན་དར་སེར་པོ་ཞིག་ནར་གྱིས་བྱུང་སྟེ་ཆོས་རྒྱལ་དེའི་མགུལ་དུ་སོན་པར་གྱུར་ལ། དེ་ལ་བརྟེན་ནས་ཆོས་རྒྱལ་རང་ཡང་སྔར་རབ་ཏུ་འབྱུང་འདོད་ཤིན་ཏུ་ཆེ་བར་ཡོད་ཀྱང་སྟབས་འགྲིག་ཅིག་མ་བྱུང་བ་ལ། ད་ལན་གྱི་རྟེན་འབྲེལ་འདིས་ནི་རིང་ནས་བརྣགས་པའི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པར་འགྱུར་བའི་ལྟས་ཞིག་གོ་སྙམ་པའི་དགའ་སྤྲོ་འདུན་གསུམ་ཅིག་ཅར་དུ་འཕེལ་བར་གྱུར་ཅེས་གྲགས་ལ། གང་ལྟར་ཡང་རྗེ་འདི་ལས་ཀྱེ་རྡོ་རྗེ་རྒྱུ་ལམ་གྱི་དབང་