R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༢༢
[A:༢༢༢]དང༌། ཚེ་དཔག་མེད་ལྷ་དགུའི་དབང་ལ་སོགས་པ་གསན་ཅིང༌། ཡོན་མཆོད་གཉིས་ཆར་ཐུགས་ཡིད་གཅིག་འདྲེས་ལྟ་བུར་གྱུར་པ་ཡིན་ནོ། །མདོར་ན་གདན་ས་ཞལ་འཛིན་ལོ་བཅུའི་རིང་ལ། གཙོ་བོར་དགེ་འདུན་གྱི་སྒྲིག་ལམ་བསྲུང་བ་དང༌། དུས་དང་ཁྱད་པར་གྱི་དགོན་པའི་གཏོང་སྒོ་གཏང་རྒྱུ་རྣམས་ཀྱང་སྔར་རྒྱུན་ལས་ཉམས་ཆག་སྤུ་ཙམ་ཡང་མ་སོང་བའི་སྟེང་གོང་ནས་གོང་འཕེལ་དུ་མཛད་པ་དང༌། སྔར་བླ་ཁག་རིམ་ཅན་གྱིས་ཉམས་གསོ་མ་བྱུང་བའི་ས་མཆོད་ཆེན་མོའི་སྐབས་ཁྱེར་རྒྱུའི་གོས་ཆེན་གྱི་འཕན་འདུགས་རྒྱལ་མཚན་ལ་སོགས་པའི་ཡོ་བྱད་རྣམས་དང༌། གཙུག་ལག་ཁང་དང༌། མགོན་ཁང་ཤར་ནུབ་དང༌། ལམ་འབྲས་ལྷ་ཁང་བཅས་ཀྱི་གཙོས་པའི་ལྷ་ཁང་ཁག་རྣམས་ཀྱི་དངོས་ཆས་རིགས་གསར་དུ་བཟོ་དགོས་གྲས་གསར་བཟོས་དང༌། ཉམས་གསོ་དགོས་རིགས་རྣམས་ལ་ཉམས་གསོ་སོགས་བསྟན་པའི་ཉམས་ལ་ཕན་ངེས་པ་འབའ་ཞིག་མཛད་པ་དང༌། ལྷ་ཁང་ཁག་ཐམས་ཅད་ལའང་རབ་ཏུ་གནས་པའི་ཆོ་ག་ཤིན་ཏུ་རྒྱས་པའི་སྒོ་ནས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་བསྲེས་ཏེ་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད་པ་དང༌། ལོ་རེ་བཞིན་ལྷ་ཁང་ཁག་རྣམས་སུ་བླ་མ་མཆོད་པ་དང༌། གནས་བརྟན་ཆོ་ག་སོགས་དང་འབྲེལ་བར་སྤོས་མར་མེ་ཞལ་ཟས་རྣམས་རེ་རེ་ནས་སྟོང་ཕྲག་ཏུ་ལོངས་པ་རེ་ཕལ་ཆེར་ཆག་མེད་དུ་མཛད་པ་དང༌། ཁྱད་པར་ལྕགས་འབྲུག་ཧོར་ཟླ་དང་པོའི་ནང་རྗེ་འདིའི་མནལ་ལམ་དུ། ངོར་གྱི་རྒྱབ་རི་རྩེ་ནས་རྩ་བའི་བར་ཞིག་པ་དང༌། ཐར་རྩེའི་ཕོ་བྲང་རྩེ་ནས་རྩ་བའི་བར་གས་པ་སོགས་བྱུང་བ་དང༌། དངོས་སུའང་ངོར་ཆེན་གྱི་འདྲ་སྐུས་སྤྱན་ཆབ་གསིལ་བ་དང༌། གཟིམ་ཆུང་ནུབ་ཀྱི་ཞལ་འབག་རྣམས་ཀྱི་དབུ་རྒྱན་ཐོད་སྐམ་རྣམས་དོན་མེད་དུ་ས་ལ་ལྷུང་བ་དང༌། ཐུགས་དམ་གཏོར་མའི་རྒྱན་རྣམས་ཀྱང་དོན་མེད་དུ་ལྷུང་བ་སོགས་མི་དགེ་བའི་མཚན་མ་མང་དུ་བྱུང་བ་ལྟར། ཁམས་ནས་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་དེ་ཉིད་ཞི་བར་གཤེགས་པའི་