R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༢༣
[A:༢༢༣]གནས་ཚུལ་རྣམས་ཀྱང་གསན་མ་ཐག་པ་ནས་དཀོན་མཆོག་ལ་མཆོད་པ་དང་དགེ་འདུན་ལ་བསྙེན་བཀུར་སོགས་རྒྱས་པར་མཛད་པ་དང༌། གཞན་ཡང་རང་ཞབས་ཀྱི་མི་སེར་ཕྲན་ཡོད་རྣམས་ལའང་འཚོ་སྐྱོང་དང་མགོ་འདོན་ལ་སོགས་པ་ཤིན་ཏུ་མཐར་ཕྱིན་པར་མཛད་པ་སོགས་མདོར་ན་རྗེ་འདི་ནི་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་དགོངས་པ་ལས། དགོས་མེད་ཀྱི་བྱ་བ་དང་རང་འདོད་ཀྱི་འཁྲི་བ་ལ་སོགས་པ་གཏན་ནས་མི་མངའ་བ་དང༌། གཅུང་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་པའང་བསོད་ནམས་ཆེ་ཞིང་བསྟན་པ་ལ་ལྷག་བསམ་དཀར་བ་དང༌། བྱ་བ་དང་བྱ་བ་མ་ཡིན་པ་སོ་སོར་ཕྱེ་བའི་མཁྱེན་རབ་ཀྱི་རྩལ་ཆེ་ཞིང༌། ལས་ཞི་དྲག་གང་ལའང་ནུས་པ་ཕུལ་དུ་སོན་པ་ཞིག་ཡིན་པ་སོགས་ཀྱིས་ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་དེ་དུས་ལྟ་བུ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར་པ་ཡིན་ནོ། །དཔག་བསམ་ཤིང་དང་བདུད་རྩི་ཡིས། །ཀུན་དགའ་གསར་པ་སྦྱིན་པ་གང༌། །སྐྱེངས་བྱེད་ཆོས་ཀྱི་ཟླ་སྣང་གིས། །འཁོར་བའི་ཚ་གདུང་མཐའ་དག་བསལ། །ཁྱད་པར་དུས་གསུམ་རྒྱལ་རྣམས་ཀྱི། །ཕྲིན་ལས་གཅིག་ཏུ་བསྡུས་པ་བཞིན། །བི་རཱུའི་བཞེད་གཞུང་གསུང་ངག་གིས། །འགྲོ་མང་གྲུབ་པའི་དཔལ་ལ་སྦྱར། །ཨེ་མ་ཆོས་དང་སྲིད་གཉིས་ཀའི། །འབྱོར་པ་ཕུན་སུམ་ཚོགས་པའི་ཆུས། །ལྗོངས་འདིའི་གདུང་བ་ཀུན་བཀྲུས་ཏེ། །ཕན་བདེའི་མཚར་སྡུག་རྫོགས་པར་བྱས། །རྟེན་རྣམས་སྔགས་ཀྱི་ཆོ་ག་ཡིས། །དམ་ཡེ་གཅིག་ཏུ་བསྲེས་པ་ལས། །ཉི་མའི་འོད་ཀྱང་ཟིལ་གནོན་པའི། །བྱིན་རླབས་གཟི་བྱིན་འབར་བར་གྱུར། །རྒྱལ་སྲས་ཀུན་ཏུ་བཟང་པོ་ཡི། །རྣམ་པར་ཐར་ལ་ཅོ་འདྲི་བའི། །མཆོད་དང་བསྙེན་བཀུར་ལ་སོགས་པའི། །བསོད་ནམས་སྒོ་འཕར་ཅི་ཡང་ཕྱེས། །དེ་ལྟའི་དགེ་མཚན་གདུགས་དཀར་པོ། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་བ། །སྲིད་ཞིའི་ཁོངས་སུ་བསྒྲེངས་