[A:༢༢༩]དུ་ཕེབས། འཇིག་རྟེན་གསུམ་གྱི་མཆོད་སྡོང་བླ་ན་མེད་པ་ཇོ་ཤཱཀ་རྣམ་གཉིས་ཀྱི་དབུས་རྟེན་གསུམ་རྣམས་ལ་མཆོད་འབུལ་དང་སྨོན་ལམ་སོགས་རྒྱས་པར་མཛད། དེ་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ་ཐོག་མར་ངོ་འཛིན་བྱེད་སྐབས་སུ་སོང་གཤིས་མ་མཇལ་ལ། རྒྱལ་ཚབ་ཚེ་སྨོན་གླིང་པ་སོགས་ཞིབ་མཇལ་ཞུས་ཏེ་རིམ་གྱིས་ཆིབས་བཏེག །མར་ལམ་ཕུ་མདོ་ལྕགས་ཟམ་སྐོར་དུ་ཞག་གཅིག་བཞུགས་སྐབས་རྗེ་འདིས་དོ་ནུབ་རང་རེ་རྣམས་ལ་ཆོམ་རྐུན་གྱིས་ཉེར་འཚེ་འདྲ་འོང་ལས་ཆེ་བས་བག་ཡོད་པར་གྱིས་ཤིག་ཅེས་བཀའ་སྩལ་བ་ལྟར། ཞབས་འབྲིང་བ་རྣམས་ཀྱིས་ཀྱང་དྲན་ཤེས་བཞིན་དང་ལྡན་པའི་སྒོ་ནས་དེ་ནུབ་སྒར་གྱི་མཐའ་བསྐོར་ཏེ་ཉལ་བ་སོགས་བྱས་ཀྱང་ཇི་སྐད་དུ། འབབ་ཆུ་ཇི་ལྟར་བཟློག་གྱུར་ཀྱང༌། །ཐུར་དུ་འབབ་པ་ཁོ་ནར་འདོད། །ཅེས་པ་ལྟར་དེ་ནུབ་ཆོམ་རྐུན་གྱིས་རྗེ་འདིའི་ཆིབས་པ་དང༌། ཕྱག་མཛོད་པའི་རྟ་གཉིས་ཁྲིད་ཚར་འདུག་པ། ཕྱི་ཉིན་ཕྱོགས་མཐའ་དག་ཏུ་བཙལ་རུང་མ་རྙེད་པ་ལ། རྗེ་འདིས་ཕྱག་མཛུབ་གཏད་དེ། རི་ཕ་ཀའི་རྒྱབ་ཏུ་འཚོལ་ཞིག་དང་ངེས་པར་རྙེད་ལས་ཆེའོ། །ཞེས་བཀའ་སྩལ་པ་བཞིན་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་དང༌། རྗེ་དྲུང་བཟང་པོ་བློ་གྲོས་གཉིས་འཚོལ་དུ་བྱོན་པས་རི་དེའི་རྩ་བ་ན་ཧོར་པའི་ཚོང་པ་འགའ་ཞིག་གི་སྒར་ཤིན་ཏུ་ཆེ་བ་ཞིག་སྣང་ཞིང༌། དེ་ནས་ཡར་བྱོན་པས་རིའི་སྐེད་པ་ཙམ་ན་སུས་ཀྱང་མི་མཐོང་བའི་རི་སུལ་ཞིག་ཏུ་ཆིབས་པ་གཉིས་ཀྱི་གདོང་དང་རྐང་ལག་ཐམས་ཅད་ཐག་པས་བཅིངས་ཏེ་བཞག་འདུག་སྐད། དེ་ནས་ཁོང་དག་གིས་ཆིབས་པ་གཉིས་ཁྲིད་ནས་ཚུར་བྱོན་པས་དེར་ཡོད་པའི་སྐྱེ་བོ་ཐམས་ཅད་ཀྱི་བློ་ལ་སྔ་ན་མེད་པའི་དད་པ་དང་སྤྲོ་བ་ཅིག་ཅར་དུ་འཕེལ་པར་གྱུར་ཏོ་ཞེས་གྲགས་ཤིང༌། གཏམ་འདི་ནི་ཐམས་ཅད་ལ་མངོན་སུམ་ཚད་མས་གྲུབ་པ་ཞིག་གོ །དེ་ནས་རིམ་གྱིས་