[A:༢༣༧]སློབ་བཤད་དུ་གྲགས་པའི་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ཁྲིད་དང༌། རྒྱབ་རྟེན་གྱི་ལུང་དང་བྱིན་རླབས་ལ་སོགས་པ་ཤིན་ཏུ་ཚང་བ་ཚར་གཅིག་བཅས་སྩལ་བ་དང༌། མེ་ཁྱི་ཐ་སྐར་ཟླ་བའི་ཚེས་ཉེར་ལྔའི་ཉིན་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པས་ཐུགས་ཀྱི་ཀུན་སློང་ངེས་འབྱུང་གི་བསམ་པ་ཟླ་བ་ཚེས་པ་ལྟ་བུས་ཁྱིམ་པའི་རྟགས་དང་ཆ་ལུགས་ཐམས་ཅད་སྤངས་ཤིང༌། རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་ཡང་དག་པར་ལེན་པ་དང༌། མཚན་ཡང་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས་ཤིང༌། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང༌། ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་སྡོམ་པ་རྣམས་རིམ་གྱིས་ནོད་པར་མཛད་དོ། །སྤྱིར་ལམ་འབྲས་ཚོགས་བཤད་ཅིག་ཀྱང་སྩལ་དགོས་ཚུལ་བཀའ་ཕེབས་པར། ས་ངོར་གྱི་གྲྭ་ས་རྣམས་སུ་ནི་བར་ཆད་ཆེ་རིགས་མེད་ཀྱང༌། ཁམས་ཕྱོགས་འདིར་ལམ་དུ་སོང་མིན་སྣ་ཚོགས་ཞིག་བྱུང་བར་སྣང་མོད། འོན་ཀྱང་བཀའ་ནན་ཆེ་བ་ལྟར་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཀྱི་ཆོས་འཁོར་བསྐོར་བའི་དབུ་འཛུགས་པར་མཛད་ནའང༌། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་གྲུབ་མཚམས་ནས་དགོན་དེར་འབྲུམ་བུའི་ནད་ཅིག་བྱུང་བར་བརྟེན་རིམ་གྱིས་འཕྲོ་ལུས་པར་གྱུར་པས་སླར་འཆད་པར་མ་མཛད་པ་ལས། གཞན་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་དང༌། གྲོལ་བྱེད་ཀྱི་ཁྲིད་འབོགས་པ་དང༌། བྱིན་གྱིས་བརླབ་པ་དང༌། རྗེས་སུ་གནང་བ་དང༌། རྒྱབ་རྟེན་གྱི་ལུང་ལ་སོགས་པ་མདོར་ན་རྗེ་རང་གི་གང་གསན་པའི་ཆོས་རྣམས་རེ་རེ་ནས་ལན་གྲངས་མང་དུ་སྩལ་བ་དང༌། ས་སྐྱོང་ཆེན་པོའི་དགོངས་བཞེད་ལྟར།