R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༣༨
[A:༢༣༨] རྗེ་ཉིད་ཀྱིས་ཀྱང་ཐུགས་བསྐྱེད་ཀྱིས་ཁྱབ་པས་སྔོན་མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་དང༌། རྗེས་སུ་གྲུབ་དབང་ཀུན་དགའ་བློ་ལྡན་སོགས་དམ་པ་དུ་མའི་བཞུགས་གནས་རི་ཁྲོད་དྲཱ་མ་སྒང་དུ། རྒྱུད་སྡོམ་པ་གསུམ་གྱིས་བསྡམས་ཤིང༌། དཔལ་ས་སྐྱའི་སྙན་བརྒྱུད་ཟབ་མོའི་ཉམས་ལེན་ཐུན་བཞིའི་རྣལ་འབྱོར་ལ་ཁོར་ཡུག་ཏུ་བརྩོན་པའི་རིག་པ་འཛིན་པའི་སྒྲུབ་གྲྭ་གསར་དུ་བཏབ་པ་ད་ལྟའི་བར་གོང་འཕེལ་དུ་གྱུར་པ་དང༌། དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོའི་གཙོས་ས་དགོན་ཕལ་ཆེ་བར་རིམ་གཉིས་ཀྱི་ཉམས་ལེན་དང༌། ཆོ་གའི་ཕྱག་ལེན་སོགས་མ་དག་པ་རྣམས་དག་པར་བྱ་བ་དང༌། དག་པ་རྣམས་གོང་ནས་གོང་འཕེལ་དུ་མཛད་པ་ཡིན་ནོ། །འཕགས་རྣམས་བཞུགས་པའི་ས་ཕྱོགས་ནི། །ཡིད་སྲུབས་དཔུང་ལས་རྣམ་རྒྱལ་ཏེ། །པདྨོའི་རྩ་ལག་ཤར་བ་ན། །མུན་པའི་ཚོགས་ཀྱིས་བརྫི་ནུས་སམ། །དེ་སླད་ནམ་མཁའི་མཚན་ཅན་གྱི། །སྨྲ་བའི་ཉི་མ་ནུབ་གྱུར་ཀྱང༌། །ཆོས་ཀྱི་ཟླ་འདི་སྤྱན་འདྲེན་སླད། །མི་བདག་བློ་གྲོས་དེ་རྗེས་སོང༌། །གང་དེའི་བཞེད་དོན་མྱུར་སྒྲུབ་པའི། །ཕོ་ཉའི་ཚོགས་རྣམས་ཉེར་ལྷགས་ཏེ། །སྨྲ་མཁས་འཇམ་དཔལ་དབྱངས་བཞིན་དུ། །སྤྱན་འདྲེན་གཏམ་གྱི་རྒྱུད་མངས་ལེན། །གཞན་ལས་ཕན་ཕྱིར་རང་སྲོག་ཀྱང༌། །བཞི་མདོའི་རྩྭ་བཞིན་འདོར་བྱེད་པའི། །སྨན་མཛད་དེ་ཡི་ཡེ་ཤེས་ནི། །བོད་ཆེན་ལྗོངས་སུ་གཟིགས་པར་གྱུར། །དེ་ནས་དུས་ལ་བབ་པའི་ཚེ། །ཐུབ་དབང་འཁོར་གྱིས་བསྐོར་བ་ལྟར། །དལ་གྱིས་གཤེགས་པར་གྱུར་པ་ན། །གཙང་ཕྱོགས་མུན་པའི་གླིང་བཞིན་གྱུར། །བསོད་ནམས་ལྡན་པའི་མི་རྣམས་དང༌། །དཀརཕྱོགས་སྐྱོང་བའི་སྲུང་མ་གཉིས། །ཕན་ཚུན་ངོ་མཚར་ཕུང་པོ་ལ། །འགྲན་པ་བཞིན་དུ་བསུ་བར་བྱེད། །མི་བདག་ལ་ཐོད་གཡོ་བའི་རྩེར། །ཞབས་སེན་ཟླ་ཚེས་རྣམ་བཀོད་པས། །ཕྱོགས་དེར་ཉེར་འཚེའི་དོགས་