R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༣༩
[A:༢༣༩]བྲལ་ཞིང༌། །ཐུབ་བསྟན་དགའ་སྟོན་དར་བར་གྱུར། །གཟོད་མ་ཉིད་ནས་ཁམས་གསུམ་གྱི། །ཆོས་ཀྱི་རྒྱལ་པོར་མངའ་བརྙེས་ཀྱང༌། །ཚུ་རོལ་མཐོང་འདིས་བོད་ཆེན་གྱི། །བསྟན་འགྲོའི་མགོན་དུ་མངའ་རབ་གསོལ། །སྲེག་བྱེད་མེ་ཡིས་ཚིག་མིན་ཅིང༌། །ཆུ་བོའི་རྒྱུན་གྱིས་མི་འདག་པའི། །འགྲོ་བའི་ལས་ཉོན་དྲི་མ་ཀུན། །ཁྱོད་ཀྱི་ཐུགས་རྗེའི་ཆུ་ཡིས་བཀྲུས། །ཟབ་རྒྱས་ཆོས་ཀྱི་སྨན་ཆེན་པོས། །འཁོར་བའི་རིམས་ནད་སེལ་ཁོ་ནས། ཐུབ་དབང་རྗེས་སུ་བསྔགས་མིན་ཏེ། །གྲོལ་བ་བཞི་ལྡན་འདིས་ཀྱང་ངོ༌། །དེ་ལྟའི་ངོ་མཚར་མི་ཟད་པ། །ཉིན་བཞིན་འཕེལ་བར་གྱུར་པ་འདི། །འདེགས་པར་བཟོད་པའི་ནོར་འཛིན་མ། །དུབ་པར་མ་གྱུར་འདི་ཅི་ཞིག། །།གཉིས་པ་ཚོགས་གཉིས་རྒྱ་ཆེར་སྤེལ་བའི་སླད་དུ་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་ཇི་ལྟར་བསྟབས་པའི་ཚུལ་ནི། སྤྱིར་རྗེ་འདི་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་ཞིང༌། རྣམ་པར་དཀར་བའི་ཕྲིན་ལས་ཀྱིས་སྐྱེ་རྒུ་མཐའ་དག་ཕན་པ་དང་བདེ་བའི་ལམ་དུ་བཀོད་པ་ལ་བརྟེན་ནས་བོད་ཆེན་པོའི་ལྗོངས་སུ་འཁོད་པའི་སྐྱེ་འགྲོ་མཆོག་དམན་ཐམས་ཅད་ཀྱི་གཙུག་གི་ནོར་བུས་བཏུད་ཅིང༌། རང་རང་གི་འབྱོར་པའི་ཁྱད་པར་མང་པོས་མངོན་པར་མཆོད་པར་གྱུར་ལ། དེ་ལ་བརྟེན་ནས་ཟང་ཟིང་གི་ལོངས་སྤྱོད་ཀྱང་རྫོགས་ལྡན་གྱི་དུས་བཞིན་དུ་རྒྱས་པར་གྱུར་མོད། རྒྱགས་པ་དང་དྲེགས་པ་ལྟ་ཅི། མངོན་པར་ཞེན་པ་ཅུང་ཟད་ཀྱང་མི་མངའ། དེར་མ་ཟད་རང་ཉིད་བཟང་པོར་བསྒྲུབ་པའི་ཆེད་དུ་དགོས་མེད་ཀྱི་ཐབས་སྐྱོང་དང༌། རྙེད་པས་རྙེད་པ་འཚོལ་བ་དང༌། རབ་ཏུ་བྱུང་བའི་ཡོ་བྱད་ཀྱིས་ཁྱིམ་པ་རྣམས་ཀྱི་སེམས་འཛིན་པ་ལ་སོགས་པ་ལོག་པའི་འཚོ་བ་དང༌། མ་དག་པའི་སྦྱིན་པས་རང་གཞན་ཐམས་ཅད་ཉེས་དམིགས་ཆེན་པོ་ལ་སྦྱོར་བ་སོགས་