[A:༢༤༣]གོང་འཕེལ་དུ་བྱ་བའི་ཕྱིར། དབུས་གཙང་ལྗོངས་ཀྱི་བླ་མ་དང་དཀོན་མཆོག་ལ་མཆོད་པ་དང༌། དགེ་འདུན་ལ་བསྙེན་བཀུར་རྒྱ་ཆེར་བསྒྲུབ་པའི་སླད་དུ་ཕྱག་རྫས་ཇི་ཡོད་བསྐུར་ཏེ་རྗེ་དྲུང་བཟང་པོ་བློ་གྲོས་དཔོན་འཁོར་རྣམས་གཏོང་གནང་མཛད་པ་བཞིན་ཁོང་རྣམས་ཀྱང་བར་ཆད་མེད་པར་རིམ་གྱིས་བྱོན་ཏེ། བྱང་རྭ་སྒྲེང་གི་ཆོས་གྲྭ་ཆེན་པོ་ནས་བཟུང༌། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་བར་གྱི་རིས་མེད་པའི་དགོན་སྡེ་སོ་སོའི་བླ་མ་རྣམས་སུ་འབུལ་བ། རྟེན་གསུམ་ཡོངས་ལ་མཆོད་འབུལ། དགེ་འདུན་འདུས་པ་རྒྱ་མཚོར་བསྙེན་བཀུར་རྣམས་དཔྱིས་ཕྱིན་པར་བསྒྲུབས་པ་དང༌། ཁྱད་པར་ངོར་རང་དུའང་བླ་ཁག་སོ་སོར་འབུལ་བ་དང༌། དགོན་པར་མང་འགྱེད་ཀྱི་བསྙེན་བཀུར་ཉིན་བཅུའི་བར་གང་ཟབ་དང༌། གོས་ཆེན་གྱི་བླ་བྲེ་དང༌། འཕན་ལ་སོགས་པ་མཚར་ཞིང་ཡིད་དུ་འོང་བ་དག་སྦྱོར་འཇགས་ཞུས་པ་སོགས། མདོར་ན་རྭ་སྒྲེང་ནས་ས་སྐྱའི་བར་དུ་ཇ་དངུལ་སོང་ཚད་ཐམས་ཅད་ཇ་ཐོག་ཏུ་ཕབ་སྟེ་བརྩིས་པས་བཟང་ཇ་འཁོར་དྲུག་བརྒྱད་བརྒྱ་དང་ལྔ་བཅུ་ཐམ་པ་སོང་འདུག་པ་དང༌། དེའི་རིགས་འགྲེས་སྐུ་གསུང་ཐུགས་རྟེན། མཆོད་ཆའི་སྐོར་སྣ་ཚོགས། དར་རས་ལིང་གོས་ཆེན་ལ་སོགས་པ་དང༌། གཅན་གཟན་གྱི་པགས་པའི་རིགས་དང༌། ཐབ་ཆའི་རིགས་ལ་སོགས་པ་ཇི་སྙེད་ཅིག་སོང་བ་རྣམས་ནི་སྨོས་ཀྱིས་མི་ལོང༌། འབུལ་བར་སོང་བའི་རྟ་ཕྱུགས་ཀྱི་རིགས་ཀྱང་རྟ་དྲེལ་ལྔ་བཅུ་ཐམ་པ་དང༌། མཛོ་གཡག་ལྔ་བཅུ་ང་གྲངས་ཙམ་སོང་བ་སོགས་མདོར་ན་སྙིང་པོ་མེད་པའི་ཟང་ཟིང་གི་དངོས་པོ་རྣམས་ཀྱང་སྔ་ན་མེད་པའི་བསོད་ནམས་ཀྱི་ཕུང་པོར་བསྒྱུར་བར་མཛད་པ་དང༌། དགུང་ལོ་ང་བདུན་པ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོར། སྡོམ་བརྩོན་སྐྱེ་རྒུའི་བདག་པོ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་པ་དབུས་གཙང་ཕྱོགས་ཀྱི་རྟེན་གསུམ་རྣམས་མཇལ་ཞིང་མཆོད་འབུལ་དང་