R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༤༤
[A:༢༤༤]བསྙེན་བཀུར་རྒྱ་ཆེན་པོས་བསོད་ནམས་ཀྱི་ཚོགས་འདུ་བགྱི་བའི་སླད་དུ་འབྱོན་རྒྱུའི་སྐབས། དེའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་གོང་འཕེལ་དུ་འགྱུར་བའི་སླད་དུ་རྗེ་འདི་ལ་ཆིབས་བསྐྱོད་བསྐྱང་དགོས་ཚུལ་བཀའ་ཕེབས་པར། སྔ་ལོ་ཕྱག་རྫས་ཇི་ཡོད་བསྐུར་ཏེ་རྗེ་དྲུང་དཔོན་འཁོར་རྣམས་དབུས་གཙང་དུ་བཏང་ཟིན་པ་ད་ལྟ་ཕྱིར་མ་འཁོར་བའི་སྐབས་འདིར་ཕེབས་ཆས་སོགས་གང་ཅི་ནས་འགྲིག་དཀའ་བར་བརྟེན། ནན་ཏན་གྱིས་དགོངས་ཁྲོལ་ཞུ་བར་མཛད་ནའང་དགོངས་པ་ཁྲོལ་པ་ཞིག་གཏན་ནས་མ་བྱུང་བས་ཕེབས་རྒྱུ་མཛད་དེ། ཕེབས་ཆས་སོགས་ཉེར་བསྡོགས་མཛད་པ་དང༌། དོན་དུ་གཉེར་བ་སོ་སོའི་ཆོས་ཀྱི་འཕྲོ་རྣམས་ཀྱང་རྫོགས་པར་མཛད་པ་དང༌། ཁྱིམ་བདག་དད་པ་ཅན་དག་གིས་ཀྱང་རང་རང་གི་ཁྱིམ་དུ་གདན་དྲངས་ཏེ་འདོད་ཆོས་རེ་ཙམ་ཞུ་བ་སོགས་ཀྱི་རེ་བ་རྣམས་ཀྱང་རྫོགས་པར་མཛད་ཅིང༌། དེ་སྐབས་སུ་ཕྱག་སྣ་ཅུང་མཛངས་པའི་སྐབས་ལྟ་བུར་གྱུར་མོད། འོན་ཀྱང་སྐྱེས་བུ་བློ་སྟོབས་དང་ལྡན་པ་རྣམས་ཀྱི་ཐབས་ཀྱིས་བསྒྲུབས་ན་རྙེད་པར་དཀའ་བ་མ་ཡིན་པ་ལ། དེ་བས་ནོར་རྫས་སྙིང་པོ་མེད་པ་རྣམས་སྙིང་པོ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོར་བསྒྱུར་ནུས་པ་ནི་འཇིག་རྟེན་ན་ཤིན་ཏུ་དཀོན་ཞིང་ངོ་མཚར་ཆེ་བ་ཡིན་ནོ་སྙམ་དུ་དགོངས་ཏེ། ནོར་རྫས་སྒྱུ་མ་ལྟ་བུ་ལས་སྙིང་པོ་ལེན་པའི་ཕྱིར་དུ་འབྱོར་པ་དང་ལྡན་པ་འགའ་ཞིག་ལས་ཇ་དངུལ་ཅུང་ཟད་ཀྱང་གཡར་ཏེ། ཆོས་རྒྱལ་ཆེན་པོ་ཧོར་ཟླ་བཞི་པའི་གཟའ་སྐར་ལེགས་འཛོམ་གྱི་ཉིན་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ནས་ཆིབས་བཏེག །རྗེ་འདི་ཧོར་ཟླ་ལྔ་པའི་ཚེས་ལྔའི་ཉིན་ཆིབས་བཏེག་སྟེ། ཡར་ལམ་ཟུལ་ཕུ་སྟོད་སྨད། མཁར་མདོ། ཁྲ་བོ་ཐང༌། གདོང་ཚང་དགོན་རྣམས་སུ་དད་པ་ཅན་སོ་སོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རང་རང་གི་ཁྱིམ་དུ་བྱོན་པ་དང༌། ཆོས་ཀྱི་བདུད་རྩིའང་ཅི་རིགས་པར་སྩལ་ཏེ་རིམ་གྱིས་རྡོ་ར་དམར་ཀོར་