[A:༤༤༥] །གཞན་ཡང་སྔ་འགྱུར་རྡོ་རྗེ་ཐེག་པའི་གདམས་ངག་ཟབ་མོ་ལས་ཉེར་མཁོའི་རིགས་འགའ་ཞིག་གི་ལུང་དང༌། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ནས་བརྒྱུད་པའི་གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། དཔལ་ས་སྐྱ་པའི་བསྟན་སྲུང་མགོན་པོ་ཆེ་ཆུང་གཉིས་སུ་གྲགས་པའི་ནང་ཚན་ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་སུ་གནང་བ་བཅས་གསན་པ་དང༌། ཡང་ཉམས་དང་རྟོགས་པའི་དབང་ཕྱུག་བླ་མ་དཔལ་ལྡན་ཕྲིན་ལས་ཀྱི་དྲུང་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཁྲོ་བོ་བཅུ་གཅིག་གི་རྗེས་གནང་སྔོན་དུ་འགྲོ་བའི་ཕྱི་ཁྲིད་རྡོ་རྗེ་བྲག་རྫོང་མ་དང༌། ནང་གི་བྲག་རྫོང་དྲག་པོ་སྔགས་རྒོད། གསང་བའི་བྲག་རྫོང་སེམས་ཉིད་ཡེ་ཤེས་ཀྱི་འཁོར་ལོའི་རྩལ་འདོན་པ་བཅས་ཀྱི་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་གསན་པ་དང༌། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་བླ་མ་དགེ་འདུན་རྒྱ་མཚོའི་དྲུང་ནས་བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ལྷ་དགུའི་དབང་བསྐུར་བ་ལེགས་པར་གསན་པར་མཛད་དོ། །གཞན་ཡང་ཡུལ་ཕྱོགས་སོ་སོར་བདེ་སྐྱིད་རྒྱ་ཆེར་འབྱུང་བའི་སླད་དུ་ལྷ་བུམ་དང༌། ཀླུ་བུམ་དང༌། ས་བདག་གི་བུམ་པ་ལ་སོགས་པ་ཚད་དང་ལྡན་པར་བསྒྲུབས་ཏེ་སྦ་བ་དང༌། ལོ་རེ་བཞིན་དབྱར་གྱི་དུས་ཆར་འབེབས་པ་ལ་སོགས་པ་ཞི་རྒྱས་དབང་དྲག་དང་རྗེས་སུ་འབྲེལ་བའི་མཛད་ཕྲིན་ཐམས་ཅད་ནི་རེ་རེ་ནས་སྨོས་ཀྱིས་མི་ལང་ངོ༌། །འཕགས་རྣམས་དག་པ་རབ་འབྱམས་ལས། །ཐ་མལ་སྣང་བ་མ་མཆིས་མོད། །འགྲོ་འདི་དད་ཕྱིར་མནལ་ལམ་དུ། །འདྲེན་པ་མཆོག་དང་མཇལ་ཚུལ་བསྟན། །མགོན་དེས་ཚེམས་ཀྱི་འོད་དཀར་གྱིས། །ཕྱོགས་སུ་སྣང་བ་རབ་སྦྱིན་ཅིང༌། །ལུང་བསྟན་བདུད་རྩིའི་ཆར་འབེབས་པ། །དག་པའི་རི་བོང་འཛིན་པ་བཞིན། །ནམ་ཞིག་ས་ཡི་བདག་པོ་ཡི། །འཕྲིན་ཡིག་རིན་པོ་ཆེ་ཡི་སྒྲོམ། །གང་གི་ཕྲག་པར་