R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༤༦
[A:༤༤༦]ཉེར་བཀོད་པའི། །མདོ་སྨད་ལྗོངས་ཀྱི་ཕོ་ཉ་སླེབས། །དེ་ཚེ་མགོན་པོ་མཆོག་ཉིད་ཀྱི། །ཡེ་ཤེས་མེ་ལོང་དྭངས་པའི་མཁར། །བོད་ཆེན་འདྲེན་པར་གཤེགས་བཞེད་པའི། །ཐུགས་བསྐྱེད་གཟུགས་ཀྱི་ཆུ་འཛིན་བཀོད། །དེ་ནས་བཅོམ་ལྡན་དགྲ་བཅོམ་གྱི། །འཁོར་གྱིས་ཡོངས་སུ་བསྐོར་བ་ལྟར། །དབང་པོ་གནས་པའི་ཕྱོགས་ཀྱི་སྒོར། །ཉི་མས་བཞིན་དུ་མཛེས་པར་གཤེགས། །བསམ་ཡས་ཡོན་ཏན་ཕུང་པོ་ཡིས། །གསེར་གྱི་ཏ་ལ་བཞིན་མཐོ་བ། །གང་དེ་ཆོས་ཀྱི་ཁྲི་འཕང་དུ། །སླར་ཡང་མཐོ་བ་ཉིད་དུ་བསྒྲུབས། །གང་གི་གྲགས་པ་ཟླ་འོད་ལྟར། །དཀར་བ་ཡོན་ཏན་ལ་བཏགས་ཀྱང༌། །ས་ལ་ཕོ་ཉ་བཞིན་རྒྱུ་བ། །སྐྱེ་རྒུའི་བསོད་ནམས་ལགས་པར་ཁུམས། །འཕགས་བོད་མཁས་དང་གྲུབ་པ་ཡི། །མཛད་པ་གཅིག་ཏུ་བསྡུས་པ་ལྟར། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱིས། །ཐུབ་བསྟན་སྲིད་པའི་རྩེ་མོར་སྤེལ། །རྒྱལ་བ་རྣམས་ཀྱང་བཏང་སྙོམས་སུ། །ཞི་བའི་ངལ་འཚོ་བསྟན་དུས་འདིར། །གཅིག་ཏུ་འགྲོ་ལ་ཕན་མཛད་པའི། །དཔེར་འོས་རང་ཉིད་ལས་གཞན་སུ། །སྐད་ཅིག་གཅིག་ལ་འཇིག་རྟེན་ཁམས། །བརྒྱ་ཕྲག་སྤྲོ་དང་བསྡུ་ནུས་ན། །རྡོ་ཡི་ངོས་སུ་ཕྱག་མཛུབ་ཀྱིས། །ཡི་གེ་བཀོད་ལ་མཚར་ཅི་ཞིག །འོན་ཏེ་ཚུར་མཐོང་མགུ་བའི་སླད། །རྫུ་འཕྲུལ་ཆ་ཙམ་བསྟན་པས་ཀྱང༌། །སྔོན་བྱོན་གྲུབ་བརྙེས་བརྒྱད་ཅུ་བཞིའི། །གྲགས་པའང་ཉམས་པར་བྱས་ཀྱིས་དོགས། །མཁས་དང་གྲུབ་པའི་རྩེར་སོན་ཀྱང༌། །གསན་སྒོམ་ངོམས་པ་མེད་འདི་མཚར། །འོན་ཏེ་རྒྱ་མཚོས་ཆུ་ཕྲན་ཀུན། །སྡུད་ལ་ཚིམ་པ་ནམ་ཞིག་མཐོང༌།། །།གསུམ་པ་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་རྒྱ་ཆེར་བསྟབས་ཏེ་རང་གནས་གདན་ས་ཆེན་པོར་ཞབས་བཀོད་དེ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཡོན་ཏན་མ་ལུས་