R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༤༤
[A:༤༤༤]པ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་ཚོགས་པའི་དབུ་བཞུགས་སུ་རྟག་པར་ཕེབས། རྒྱུན་ཏུ་ཆོས་རྒྱལ་ཆེན་པོ་སྐུ་མཆེད་རྣམས་ཀྱི་ཐུགས་བཞེད་ལྟར་གྱི་བཀའ་ཆོས་རྣམས་འབུལ་བ་དང༌། སྐུའི་འགའ་རྐྱེན་ཞི་ཞིང་ལེགས་ཚོགས་གོང་འཕེལ་དུ་འགྱུར་བའི་སྐུ་རིམ་གྱི་རིགས་སྒྲུབ་པ་དང༌། དད་པ་ཅན་གཞན་དག་གིས་ཀྱང་གསོལ་བ་བཏབ་པའི་ངོར་གསང་སྔགས་རྡོ་རྗེ་ཐེག་པའི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་རྣམས་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བ་དང༌། རྗེས་སུ་གནང་བ་དང༌། བྱིན་གྱིས་བརླབ་པ་དང༌། ཟབ་ཁྲིད་དང༌། ལུང་འབོགས་པ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་གདུལ་བྱ་ཐམས་ཅད་རྣམ་པར་གྲོལ་བའི་སྐལ་བ་དང་ལྡན་པར་མཛད་པ་ཡིན་ནོ། །དེ་དག་གི་སྐབས་གསེང་རྣམས་སུ་འཇིགས་བྱེད་ཀྱི་སྐུ་མཚམས་ཟླ་གཅིག་ལྷག་ཙམ་དང༌། བྲག་རྫོང་མའི་སྐུ་མཚམས་ཟླ་བ་གཅིག་ཙམ་དང༌། ཚེ་སྒྲུབ་ཟླ་ཤས་བཅས་བཞུགས་པ་དང༌། ཡོངས་རྫོགས་བསྟན་པའི་སྣང་བྱེད་ཁྲོ་ཤུལ་བླ་མ་རིན་པོ་ཆེ་ངག་དབང་སྨིན་གྲོལ་རྒྱ་མཚོའི་དྲུང་ནས། རྒྱལ་མཆོག་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་རྒྱ་མཚོའི་ཡེ་ཤེས་དག་པའི་སྣང་ངོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ཟབ་ཆོས་དག་སྣང་རྒྱ་ཅན་ཉེར་ལྔའི་ཆོས་སྐོར་ཡོངས་སུ་རྫོགས་པ་དང༌། གཏེར་སྟོན་འཇའ་ཚོན་སྙིང་པོའི་ཟབ་གཏེར་ལས་བྱུང་བའི་དཀོན་མཆོག་སྤྱི་འདུས་ཀྱི་དབང་དང༌། གཏེར་སྟོན་རྐྱང་མོ་གྲགས་ནས་བརྒྱུད་པའི་རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུ། ཚེ་དབང་གྱིང་ལྔ་གཟའ་གདོང་དང་བཅས་པའི་དབང་བསྐུར་བ་དང༌། མངའ་རི་གཏེར་སྟོན་པཎ་ཆེན་པདྨ་དབང་རྒྱལ་ནས་བརྒྱུད་པའི་བསམ་པ་ལྷུན་གྲུབ་མའི་དབང་དང༌།