[A:༤༤༧]པའི་ཕུང་པོ་ཆེན་པོར་གྱུར་པ་འདི་ནི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པར་མ་ཟད། རྟག་པར་ཆོས་བཞིན་སྤྱོད་པ་ཁོ་ན་ལས། འཇིག་རྟེན་ཆོས་བརྒྱད་ལ་སོགས་པ་དགོས་མེད་ཚེ་འདིའི་བྱ་བ་ཕྲ་ཞིང་ཕྲ་བའང་མི་མཛད་ཅིང༌། དེའི་ཕྱིར་སྐྱེ་བོ་རྟོག་དཔྱོད་དང་ལྡན་པ་རྣམས་ཀྱིས་ཇི་ཙམ་བརྟགས་ཀྱང་ཡོན་ཏན་དུ་སྣང་བ་ཁོ་ན་ལས། སྐྱོན་དུ་མངོན་པ་གཅིག་ཀྱང་མཐོང་བ་མེད་ལ། དེ་ལ་བརྟེན་ནས་ཁམས་བོད་ཀྱི་ལྗོངས་སུ་འཁོད་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་ངེས་པར་འབྲེལ་ཚད་དོན་དང་ལྡན་པའི་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱེད་ཅིང༌། ཟང་ཟིང་གི་འབུལ་བའང་དབྱར་གྱི་ཆུ་འཛིན་བཞིན་དུ་འཁྲིགས་པར་གྱུར་མོད། དེ་དག་ལ་མངོན་པར་ཞེན་པ་ཅུང་ཟད་ཀྱང་མི་མངའ། འོན་ཀྱང་སྐྱེ་བོ་ངན་པའི་སྤྱོད་ཚུལ་ལྟར་གྱི་རང་གི་འཁོར་དང་ཉེ་འབྲེལ་ལ་སོགས་པས་སྦྱིན་བདག་གི་དད་རྫས་ལ་འབག་ཆོལ་དུ་ལོངས་སྤྱོད་དུ་འཇུག་པ་དང༌། རང་ཉིད་བཟང་པོར་བསྒྲུབ་པའི་སླད་དུ་དགོས་མེད་ཀྱི་ཐབས་སྐྱོང་དང༌། རྙེད་པས་རྙེད་པ་འཚོལ་བ་དང༌། རབ་ཏུ་བྱུང་བའི་ཡོ་བྱད་ཀྱིས་ཁྱིམ་པ་རྣམས་ཀྱི་སེམས་འཛིན་པ་ལ་སོགས་པ་ལོག་པའི་འཚོ་བ་དང༌། མ་དག་པའི་སྦྱིན་པས་རང་གཞན་ཐམས་ཅད་ཉེས་དམིགས་ཆེན་པོ་ལ་སྦྱོར་བ་ལ་སོགས་པའི་སྤྱོད་ཚུལ་ངན་པ་མཐའ་དག་རྒྱང་རིང་དུ་དོར་ནས། དད་པ་ཅན་གྱི་ཡོ་བྱད་རྣམས་ཆུད་མི་ཟ་ཞིང་ལག་ལེན་བྱེད་པ་ཐམས་ཅད་ལའང་ཉེས་པ་མི་འབྱུང་བའི་སླད་དུ་དམ་གཉེར་གྱི་སྒོ་ནས་ཡུལ་མཆོག་ཏུ་གྱུར་པ་བླ་མ་དང་དཀོན་མཆོག །བསྟན་པ་དང་སེམས་ཅན་གྱི་ཆེད་དུ་བསྔོ་བའི་ཚེ་ཕངས་པ་ཏིལ་འབྲུ་ཙམ་ཡང་མི་མངའ་བར། དེ་ཁོ་ནའི་ཆེད་དུ་ལྷུག་པར་གཏོང་བར་མཛད་པ་ཡིན་ཏེ། དེའང་སྔར་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཞལ་སྔ་ནས།