R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༤༨
[A:༤༤༨] གསར་དུ་བཟོ་བ་ལས་ཀྱང་རྙིང་པ་ལ་ཉམས་གསོ་བྱེད་པ་ཉིད་ལེགས་ཞེས་བཀའ་སྩལ་པ་ཐུགས་ལ་བཞག་སྟེ། སྔོན་བོད་དུ་བཞུགས་པའི་དུས་སུའང་སྐུ་གསུང་ཐུགས་ཀྱི་རྟེན་རྙིང་པ་རྣམས་ལ་ཉམས་གསོ་ཁོ་ན་གཙོ་བོར་མཛད་ཅིང༌། དེ་རྗེས་མདོ་ཁམས་སུ་ཕེབས་ནས་ཀྱང་ཨེ་ཝྃ་བླ་བྲང་གཞུང་གི་གཟིམ་ཆུང་གཡབས་ཆེན་སོགས་ཀྱི་ཉམས་གསོའི་ཞལ་འདེབས་སུ་རྒྱ་དངུལ་འདེགས་སྲང་ལྔ་བཅུས་གཙོ་བྱས་པའི་ཡོ་བྱད་འགའ་ཞིག་བསྐུར་བར་མཛད་པ་དང༌། གླིང་མགོ་ཟི་དགོན་དུ་ཁྲ་ལེབ་ཆོས་རྗེ་རིམ་བཞུགས་ཀྱི་སྒར་ཁང་རྙིང་པས་གཡོས་ཀྱིས་ཞིག་པར་གྱུར་པའང་གསར་དུ་བཟོ་བར་མཛད་པ་དང༌། སྒ་སྟོད་ཕྱོགས་ཀྱི་ཆོས་གྲྭ་ཆེན་པོ་སྐྱེ་རྒུ་དོན་གྲུབ་གླིང་པས་འདུ་ཁང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་གསར་བཞེངས་བྱེད་པའི་ཚེའང་རྗེ་འདིས་ཞལ་འདེབས་རྒྱ་དངུལ་འདེགས་སྲང་ལྔ་བཅུ་སྩལ་བ་སོགས་དེ་འདྲའི་རིགས་མང་ཞིང༌། གཞན་ཡང་ཁམས་ཕྱོགས་ཀྱི་དགོན་སྡེ་འགའ་ཞིག་ཏུ་གཏན་གཞག་ཆེ་ཆུང་ཅི་རིགས་པ་སྩལ་བ་དང༌། གསར་བཟོས་ཀྱི་རིགས་ཀྱང་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་ཆེ་ཆུང་འགའ་ཞིག་དང༌། བྲིས་ཐང་ཁ་ཤས་དང༌། གསུང་རྟེན་དང༌། ཐུགས་རྟེན་ཀྱང་ཅི་རིགས་པར་བཞེངས་པ་དང༌། སྔ་ཕྱིར་མཆོད་པའི་ཡོ་བྱད་གསར་བཟོས་མཛད་པའང་ཤིན་ཏུ་མང་བར་ཡོད་ལ། དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་བསྙེན་བཀུར་ཡང་སྔོན་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་སྤོས་དང་མར་མེ་ལ་སོགས་པ་འདི་དགེ་བ་རྗེས་མེད་ལྟ་བུ་ཡིན་པས་ཤིན་ཏུ་ལེགས་ཞེས་གསུངས་པ་ལ་བརྟེན་ནས། དེ་ཕྱིན་ཆད་ཁམས་བོད་ཐམས་ཅད་དུ་རྗེ་རང་གི་བཞུགས་གནས་གཟིམ་ཆུང་ཀུན་ཏུ་མར་མེ་ཉིན་མཚན་ཁོར་ཡུག་ཏུ་སྐད་ཅིག་ཀྱང་རྒྱུན་མ་ཆད་པར་མཛད་པ་དང༌། ཁམས་བོད་ཀྱི་རྟེན་གསུམ་ཁྱད་པར་