[A:༤༤༩]ཅན་རྣམས་མཇལ་བའི་ཚེའང་སྔ་ཕྱིར་མཆོད་འབུལ་རྒྱ་ཆེ་བར་མཛད་པ་དང༌། ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་ཚེས་བརྒྱད་ཕལ་ཆེ་བར་ཡང་མཆོད་འབུལ་ཟབ་པ་དང་བཅས་ཏེ་དགེ་སློང་འགའ་ཞིག་གིས་བླ་མ་མཆོད་པ་སོགས་གསུང་བ་དང༌། ཁྱད་པར་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཞི་བར་གཤེགས་པའི་དུས་ཆེན་ཆོ་འཕྲུལ་ཟླ་བའི་ཚེས་ཉི་ཤུའི་ནང་དུ་ཉིན་ལྔ་དྲུག་རེ་ལ་བརྒྱ་མཆོད་དང་བཅས་ཏེ་རྗེ་རང་དང་དགེ་སློང་བཟང་གྲས་ཁ་ཤས་ཀྱིས་བླ་མ་མཆོད་པ་སོགས་གསུང་བ་དང༌། སྐབས་སྐབས་སུ་དགེ་སློང་མང་རབ་ཀྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཀླག་པ་དང༌། སྡེ་དགེ་ལྷུན་གྲུབ་སྟེང་དུ་ལོ་རེ་བཞིན་ཧོར་ཟླ་བཅུ་གཉིས་པའི་དམར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན་དྲུག་འདུའི་དབུ་བཞུགས་སུ་ཡིན་གྱིས་དགོན་དེའི་འདུས་ཚོགས་སུ་ཚེ་ཆོག་དང༌། མགོན་ཁང་ཁག་རྣམས་སུ་སྐོང་བ་དང༌། ཆོས་སྒྲོགས་པ་མང་པོས་གསུང་རབ་བཀླག་པ་དང༌། དེར་འདུས་པའི་གསང་སྔགས་རྙིང་མའི་བླ་མ་དགེ་སློང་སྔགས་པ་བཅས་ལའང་ཕྱག་འགྱེད་དང་རྣམ་གཞག་སོགས་གཏོང་བའི་རྒྱུན་མཆིས་པ་རྣམས་ཀྱང་མ་ཆད་པར་ཡར་ལྡན་དུ་མཛད་པ་སོགས་མདོར་ན་དུས་རྟག་ཏུ་རྣམ་དཀར་གྱི་ཕྱོགས་སུ་གཏོང་བའི་སྒོ་འཕར་དབྱེ་བཞིན་པ་དང༌། ཁྱད་པར་སྦྱིན་བདག་གི་དད་རྫས་མཐའ་དག་ཆུད་ཟོས་སུ་མ་སོང་བར་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་རྒྱ་ཆེར་སྟོབ་པ་དང༌། རྗེ་རང་ཉིད་ཀྱང་དུས་རྟག་ཏུ་ཚེ་འདིར་སྣང་གི་རྣམ་གཡེང་དང་འདུ་འཛི་ལ་གཏན་ནས་མི་དགེས་ཤིང༌། དབེན་པ་ཁོ་ནར་ཐུགས་དམ་ལ་གཞོལ་བ་ལ་ཐུགས་འདུན་རྩེ་གཅིག་ཏུ་མཛད་པའི་སྟོབས་ཀྱིས་ལོ་སྔ་མ་མེ་རྟ་དང༌། མེ་ལུག་རྣམས་སུ་སྡེ་དགེ་ཆོས་རྒྱལ་ཆེན་པོར་བོད་དུ་འབྱོན་ཆོག་པའི་དགོངས་ཁྲོལ་ཡང་ཡང་ཞུ་བར་མཛད་ནའང་དེ་