[A:༤༥༠]བཞིན་དགོངས་པ་ཁྲོལ་བ་ཞིག་མ་བྱུང་ཞིང༌། སླར་ཡང་ནན་ཏན་གྱིས་དགོངས་ཞུ་མཛད་པར་བརྟེན་རིམ་གྱིས་ས་སྤྲེལ་ལོར་བོད་དུ་འབྱོན་ཆོག་པའི་དགོངས་ཁྲོལ་བྱུང་བར་བརྟེན། དེ་སྐོར་གྱི་ཉེར་བསྡོགས་རྣམས་ཀྱང་རིམ་གྱིས་བརྩམས་པ་དང༌། དོན་དུ་གཉེར་བ་སོ་སོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་ནཱ་རོ་མཁའ་སྤྱོད་མའི་ཁྲིད་དང༌། ཀྱེ་རྡོ་རྗེ་རྒྱུ་ལམ་གྱི་དབང་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོའང་ཅི་རིགས་པར་བསྐོར་ཏེ་རེ་བའི་ཤིང་རྟ་ཡོངས་སུ་འགེངས་པར་མཛད་པ་དང༌། ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་དུ་དེར་བཞུགས་པའི་དགེ་འདུན་གང་ཡོད་ཀྱིས་བླ་མ་མཆོད་པ་དང༌། ཚེ་ཆོག་ཉིན་ཁ་ཤས་ཚོགས་ཏེ། དེ་དག་ལའང་བསྙེན་བཀུར་དང་གྲལ་འགྱེད་སོགས་ཟབ་པར་མཛད་པ་དང་ཆབས་ཅིག་གཙུག་ལག་ཁང་དེར་གོས་ཆེན་ཕུལ་དུ་སོན་པ་ལས་གྲུབ་པའི་བླ་བྲེ་དང༌། གོས་ཡུག་གི་འཕན་ལ་སོགས་པ་སྦྱོར་འཇགས་སྩལ་བ་དང༌། ཕན་གླིང་བླ་བྲང་རང་དུའང་ཆོས་རྒྱལ་དགེ་བའི་དབང་པོས་མཛད་པའི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས་བྱུང་བ་ལྟར་བྲིས་པའི་ཞལ་ཐང་གྲས་འགྲིག་ཉི་ཤུ་རྩ་གཅིག་གོང་གཤམ་ཞལ་ཁེབས་སོགས་ཕུན་སུམ་ཚོགས་པ་དང༌། གསེར་ཟངས་ལས་གྲུབ་པའི་རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན་མི་ཚད་ཙམ་གཅིག་དང༌། གསེར་ཟངས་ལས་གྲུབ་པའི་སྤྱན་རས་གཟིགས་ཁྲུ་གང་ཙམ་དང༌། དེ་བས་ཆུང་ཙམ་གྱི་ཡུམ་ཆེན་མོའི་གསེར་སྐུ་སོགས་གསར་སྦྱོར་མང་དུ་མཛད་པ་དང༌། གཞན་ཆོས་སྲུང་རྣམས་ལ་སྐོང་ཕྲིན་དང་ཡུལ་ལྷར་བསང་མཆོད་ལ་སོགས་པ་སྐབས་སུ་བབ་པའི་རིམ་གྲོའི་རིགས་རྣམས་བསྒྲུབ་པ་དང༌། ཆོས་རྒྱལ་ཆེན་པོ་སྐུ་མཆེད་རྣམས་ཀྱིས་དབུ་བྱས་པའི་སྦྱི་བདག་དད་པ་ཅན་ཐམས་ཅད་ནས་ཀྱང་ཕེབས་བརྫོང་དང་འབུལ་