R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༥༥
[A:༣༥༥] དེར་མ་ཟད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པ་འདི་ཁོ་ན་ལ་བརྟེན་ནས་བྱང་ཆུབ་ཀྱི་བདུད་རྩི་མངོན་དུ་བཞེས་པ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་ན་རབ་ཏུ་བྱུང་བའི་བརྟུལ་ཞུགས་མྱུར་དུ་ལེན་པར་བྱའོ་སྙམ་པའི་རྒྱུའི་ཀུན་སློང་ཟླ་བ་འབུམ་ཕྲག་འཆར་པའི་གཟི་བརྗིད་ཀྱིས་ཀྱང་མཚོན་པར་མི་ནུས་པ་ཐུགས་ཀྱི་དབུས་སུ་ཤར་ཏེ། དགུང་གྲངས་བཅུ་གསུམ་པ་ལྕགས་བྱ་ཧོར་ཟླ་གཉིས་པའི་གཟའ་སྐར་མཆོག་ཏུ་དགེ་བའི་ཉིན། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་མཚུངས་མེད་ཆོས་ཀྱི་རྗེ་མཁས་གྲུབ་ངག་དབང་དམ་ཆོས་པའི་ཞལ་སྔ་ནས་ཀྱི་མཁན་པོ་དང༌། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མང་པོས་མངོན་པར་མཛེས་པ་བྱམས་པ་བསོད་ནམས་དཔལ་འབྱོར་པས་ལས་ཀྱི་སློབ་དཔོན་ལ་སོགས་པ་མདོར་ན་དད་པའི་དགེ་འདུན་བཅུའི་དབུས་སུ་རྗེ་འདི་དང༌། དུང་འབུད་སྤྲུལ་སྐུ་དཔལ་ལྡན་བཀྲ་ཤིས་དང༌། ཁང་གསར་རྗེ་དྲུང་བསྟན་འཛིན་བཟང་པོ་གསུམ་གྱིས་དགེ་བསྙེན་གྱི་སྡོམ་པ་ལེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཁྱིམ་པའི་རྟགས་དང་ཆ་ལུགས་མཐའ་དག་བདུད་རྩིས་བཀྲུས་པའི་དྲི་མ་བཞིན་དུ་བསལ་བ་དང༌། རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་ཐམས་ཅད་ངང་པས་ཆུ་ལས་འོ་མ་ལེན་པ་བཞིན་དུ་ཡང་དག་པར་བླངས་ཏེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ལེགས་པར་བཞེས་པར་མཛད་དོ། །དུས་དེ་ཉིད་ནས་བཟུང་སྟེ་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་ཆར་གཏོགས་དང་བཅས་པ་ཐམས་ཅད་ཀྱང་སྲུང་སྡོམ་གྱི་ར་བ་ལས་ནམ་ཡང་མི་འདའ་བར་མཛད་པ་ཡིན་ནོ། །དེ་སྐབས་རྗེ་འདི་དང༌། རྗེ་འདིའི་སྐུ་མཆེད་ཆུང་བ་ཚེ་དབང་རྡོ་རྗེ་གཉིས་ཀ་བླ་མ་མཛད་རྩིས་ཡིན་པ་ལ། དེ་རྗེས་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་མདོ་ཁམས་ནས་ཨེ་ཝྃ་དུ་བྱོན་པའི་སྐབས། རྗེ་འདི་ལ་བྱིས་པ་ཆེ་བ་འདི་བཙུན་འདོག་པ་ཞིག་འདུག་པས་བླ་མ་བྱས། ཆུང་བ་འདི་གྲྭ་པ་ཞིག་བྱས་ཏེ་