R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༥༤
[A:༣༥༤]སྤྱན། །འཇིག་རྟེན་གསུམ་ན་གསལ་བ་ཡིས། །ཡུལ་གྱི་དུག་དང་རབ་ལྡན་པའི། །ཁྱིམ་འདི་སྦྲུལ་ནག་ཁྲོས་པར་གཟིགས། །དེ་ཚེ་སྲིད་པའི་སྨན་པ་ཡིས། །ཆོས་ཀྱི་སྨན་ཆེན་སྦྱར་བའི་ཞིང༌། །ཨེ་ཝྃ་བྱང་ཆུབ་དགའ་ཚལ་དུ། །ཞབས་ཟུང་གསེར་གྱི་པདྨ་བཀོད། །སྐྱེ་མེད་ཡི་གེ་དམ་པའི་མཆོག །གཟོད་མ་ཉིད་ནས་བརྙེས་ཟིན་ཀྱང༌། །ད་དུང་སློབ་པའི་ཟོལ་སྦྱོར་གྱི། །སྒྱུ་འདིས་བདག་ཅག་རྨོངས་པར་བྱས།། །།སྤྱི་དོན་གཉིས་པ་གཞན་དག་བསྟན་པ་ལ་འཇུག་པའི་གོ་རིམ་བསྟན་པའི་ཆེད་དུ་བསླབ་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་ཐོས་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ནི། རྗེ་བཙུན་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྗེ་འདིའི་རྣམ་ཐར་གསོལ་འདེབས་བྱིན་རླབས་བདུད་རྩིའི་ཆུ་གཏེར་ལས། མཁས་གྲུབ་ཆེན་པོ་བསོད་ནམས་དཔལ་འབྱོར་མདུན། །ཐུན་བསྟན་ཡོངས་སུ་རྫོགས་པའི་སྒོར་ཞུགས་ནས། །རྡོ་རྗེ་འཆང་དངོས་ནམ་མཁའི་མཚན་ཅན་གྱི། །ཐུགས་ཀྱི་སྲས་སུ་གྱུར་ལ་གསོལ་བ་འདེབས། །གཞན་ཡང་རིས་མེད་བཤེས་གཉེན་མཆོག་རྣམས་ལས། །མང་དུ་གསན་དང་བསམ་པའི་མཐར་སོན་ནས། །རྩེ་གཅིག་ལམ་བཟང་བསྒོམས་པའི་བདུད་རྩི་ཡིས། །གྲུབ་གཉིས་པད་དཀར་བཞད་དེར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་གྱི་དོན་ཞིབ་ཏུ་བཤད་པ་ལ་གཉིས་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པའི་ཚུལ་དང༌། ཞུགས་པའི་རྟེན་དེས་ཐོས་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ལོ། །དེའི་དང་པོ་ནི། ཇི་སྐད་དུ་མདོ་ལས། ཚུལ་ཁྲིམས་ལ་བརྟེན་ཚུལ་ཁྲིམས་ལ་གནས་ན། །རིམ་གྱིས་འཕགས་པའི་བདེན་པ་བཞི་པོ་དག །ཡང་དག་ཇི་ལྟ་བ་བཞིན་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བགྲོད་པ་ལ་ཐེམ་སྐས་ཀྱི་དང་པོ་ལྟ་བུ་མེད་དུ་མི་རུང་བའི་གཞི་ཆེན་པོ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཉིད་ཡིན་ཞིང༌།