R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༥༦
[A:༣༥༦]ཕྱག་མཛོད་ལྟ་བུ་བྱས་ན་ལེགས་པ་འདྲ་གསུངས་པ་དང༌། ཁྱད་པར་ཁུ་བོ་མཁན་ཆེན་དེ་ཉིད་ཀྱི་དྲུང་དུ་རྗེ་འདི་སྐུ་མཆེད་གཉིས་ཆར་གྱི་མཚན་ཞིག་ཞུ་བར་མཛད་པའི་ཚེའང༌། ངེད་ཀྱིས་བླ་མ་ལ་བླ་མའི་མིང་དང༌། གྲྭ་པ་ལ་གྲྭ་པའི་མིང་གདགས་ཀྱི་གསུངས་ནས། རྗེ་འདི་ལ་རྣལ་འབྱོར་འཇམ་དཔལ་བཟང་པོ་དང༌། གཅུང་ཚེ་དབང་རྡོ་རྗེ་ལ་ནོར་ལྡན་ཤེས་རབ་བཟང་པོ་ཞེས་འདོགས་པར་མཛད་དོ། །དེ་ལྟ་བུའི་རྡོ་རྗེའི་བཀའ་དེ་ནི་དུས་གསུམ་ཐམས་ཅད་ཐོགས་མེད་དུ་མཁྱེན་པའི་གསུང་ཁྱད་པར་ཅན་འཇིག་རྟེན་ན་ཚད་མར་གྱུར་པ་ཡིན་ནའང༌། སླར་ཡང་འགྲོ་བ་རྣམས་ཡིད་ཆེས་བསྐྱེད་པའི་སླད་དུ། དེ་སྐབས་སུ་རྒྱལ་ཁམས་བསྐོར་བའི་རྣལ་འབྱོར་པ་སྟོན་ཆེན་ཟེར་བ་མེ་ལོང་ལ་བལྟས་ཏེ་དེའི་ནང་དུ་ཇི་ལྟར་ཤར་བ་བཞིན་ལུང་སྟོན་པར་བྱེད་པ་ཞིག་སླེབ་པར། དེ་ལ་བྱིས་པ་འདི་གཉིས་སུས་བླ་མ་བྱས་ན་ལེགས་མེ་ལོང་ནང་དུ་ལྟོས་ཤིག་ཅེས་བཀའ་སྩལ་པ་ན། དེས་ཀྱང་དེ་བཞིན་དུ་བལྟས་ཏེ་ཇི་ལྟར་བཀའ་སྩལ་པ་ལྟར་རྗེ་འདི་ཆོས་ཀྱི་བག་ཆགས་ཤིན་ཏུ་མཐུག་པས་བླ་མ་དང༌། ཆུང་བ་འདི་ལས་བྱེད་ཅིག་བྱེད་པར་འོས་སོ་ཞེས་གསོལ་པ་ན། དེས་ཀྱང་ཇི་ལྟ་བ་བཞིན་མཐོང་བར་གཟིགས་ཏེ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདི་གཟོད་མ་ཉིད་ནས་སྲིད་པ་དང་ཞི་བའི་བླ་མར་གྱུར་ཟིན་ནའང༌། སླར་ཡང་བདག་སོགས་སྐལ་བ་དམན་པ་རྣམས་ཀྱི་འདྲེན་པ་དམ་པར་ཡོངས་སུ་གཟེངས་བསྟོད་པར་མཛད་དོ། །ད་ནི་འདིར་སྡེ་ཚན་གཅིག་པའི་ཕྱིར་ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་བདུད་རྩི་བཞེས་པའི་ཚུལ་བརྗོད་ན། དེའང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པའི་སྐྱེས་བུ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ནི་འཁོར་བ་དངོས་ཀྱི་གཉེན་པོ་རྣམ་པར་མི་རྟོག་པའི་ཤེས་རབ་བསྐྱེད་པའི་ཐབས་ལ་འབད་དགོས་པ་ཡིན་ལ། དེ་ལྟ་བུའི་ཤེས་རབ་དེའང་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ལྟོས་ལ། དེའང་ཚུལ་ཁྲིམས་རྣམ་པར་དག་