R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༦༣
[A:༤༦༣]ཀ་བཞི་དང༌། ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་འབུམ་སྤྱིར་པུསྟ་ཀ་བཅུ་གཅིག་བཞུགས་ཀྱང༌། ལྗངས་ལུང་གི་རྒྱུན་བཞུགས་པ་པུསྟ་ཀ་དགུ་དང་བཅས་པ་རྣམས་ཀྱི་ལུང་གསན་པ་དང༌། ཡང་གནས་ལྔ་རིག་པའི་མཁས་པ་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པའི་དྲུང་ནས་ལྕེ་སྒོམ་ཤེས་རབ་རྡོ་རྗེས་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པ་དང༌། དེས་མཛད་པའི་མན་ངག་རིན་ཆེན་སྤུངས་པ་དང༌། དེ་ལ་མཁོ་བའི་གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ་རྣམས་དང༌། གངས་ལྗོངས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་བཀའ་འབུམ་པུསྟ་ཀ་བཅོ་ལྔ་དང༌། དེར་མ་འདུས་པ་དཔལ་བརྩེ་བ་ཆེན་པོས་མཛད་པའི་ལམ་འབྲས་སྲས་དོན་མ་དང༌། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལམ་འབྲས་གླེགས་བམ་བཅས་ཀྱི་ལུང་རྣམས་གསན་པར་མཛད་དོ། །གཞན་ཡང་ལྕགས་ཁྱི་ལོར་ཐར་རྩེ་རང་གི་ལྷ་ཁང་ཁག་རྣམས་སུ་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་རྒྱས་པ་ལན་གཉིས་དང༌། དགུང་གྲངས་རེ་དྲུག་ཏུ་སོན་པ་ཤིང་ཕོ་སྟག་གི་ལོར་ཨེ་ཝྃ་བླ་བྲང་གཞུང་དུ་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་ཤིན་ཏུ་རྒྱས་པ་ལན་ཅིག་དང༌། ཐར་རྩེ་རང་དུ་རབ་གནས་རྒྱས་པ་ལན་ཅིག་བཅས་སྩལ་ཏེ། སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་ཡེ་ཤེས་པའི་ངོ་བོར་བྱིན་གྱིས་བརླབས་ཏེ་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ་བརྟན་པར་བཞུགས་སུ་གསོལ་ལོ། །གཞན་ཡང་སྐུའི་འཕྲོད་བཞེས་ཀྱི་ཆུ་ཚན་དུ་སྔ་ཕྱིར་ཚར་ཁ་ཤས་ཕེབས་པ་དང༌། དེའི་ནང་ཚན་བཞད་གླང་མར་ཆུ་ཚན་དུ་ཕེབས་པའི་སྐབས་གངས་ཅན་ཆོས་སྡེ་དང༌། ཁྲོ་ཕུ་དང༌། བོ་དོང་ཨེ་དང༌། བྱ་གཤོང་དང༌། བཞད་ཐུབ་བསྟན་ཡངས་ཅན་རྣམས་སུ་མང་ཇ་