[A:༣༥༧]པ་ལ་རག་ལས་ཤིང༌། དེ་ལའང་ནང་གསེས་སུ་སོ་སོར་ཐར་པ་རིགས་བརྒྱད་ཡོད་པའི་ནང་ནས་མཆོག་ཏུ་གྱུར་པ་ནི་དགེ་སློང་གི་སྡོམ་པ་ཉིད་ཡིན་པར་གསུངས་ཏེ། ལུང་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེ་བས་ན་རང་ཉིད་ཀྱང་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་པར་བཞེད་ནས་དགུང་གྲངས་ཉེར་གཅིག་པ་ས་མོ་སྦྲུལ་གྱི་ལོར། ཨེ་ཝཾ་བླ་བྲང་གཞུང་དུ་མཁན་པོ་བསྟན་པ་རིན་པོ་ཆེའི་མངའ་བདག་མཚུངས་མེད་ཆོས་ཀྱི་རྗེ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་འཕགས་པ་ཉེ་བར་འཁོར་གཉིས་པ་བྱམས་པ་བསོད་ནམས་དཔལ་འབྱོར་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང༌། དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་མཐའ་དག་ཚུལ་བཞིན་དུ་སྟོན་པ་ལ་བསྙེངས་པ་མི་མངའ་བའི་ལས་ཀྱི་སློབ་དཔོན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་པ་དང༌། གསང་སྟེ་སྟོན་པའི་སློབ་དཔོན་དཔལ་ལྡན་ཆོས་འཕེལ་བ་དང༌། དུས་གོ་བ་དཔལ་འབྱོར་རྒྱ་མཚོ་བ་དང༌། གྲོགས་དན་པ་ཀུན་དགའ་དཔལ་འབྱོར་ལ་སོགས་པ་མདོར་ན་གནས་བརྟན་འདུལ་བ་འཛིན་པ་བཅུ་ཕྲག་གཅིག་གི་དབུས་སུ་རྗེ་འདི་དང༌། ཁང་གསར་ཞབས་དྲུང་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་པ་དང༌། ཞེའུ་ཞིང་སྐྱོང་གི་བླ་མ་དང་གསུམ་གྱིས་མངོན་དུ་གྱུར་པ་བཅུས་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཐམས་ཅད་ཚང་བའི་སྒོ་ནས་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་སོ་སོ་ཐར་པའི་སྡོམ་པ་མངོན་དུ་གྱུར་པར་མཛད་དོ། །དུས་དེ་ཉིད་ནས་བརྩམས་ཏེ་ལྟུང་བ་སྡེ་ལྔ་ཆར་གཏོགས་དང་བཅས་པ་ཚུལ་བཞིན་དུ་བསྲུངས་པས་ཉེས་བྱས་ཀྱི་དྲི་མ་ཕྲ་ཞིང་ཕྲ་བས་ཀྱང་