R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༦༨
[A:༤༦༨]ཕྲག་མང་པོ་དང་བཅས་ཏེ། རྗེ་རང་ཉིད་སྐུ་འཁོར་གྱི་ཚོགས་འགའ་ཞིག་དང་བཅས་པས་བླ་མ་མཆོད་པ་ལོ་རེ་བཞིན་མ་ཆགས་པར་མཛད་པ་དང༌། སྐབས་སྐབས་སུ་ཡིད་དམ་གྱི་ལྷ་འགའ་ཞིག་སྒྲུབ་མཆོད་གསུང་བ་དང༌། ཐར་རྩེ་རང་དུའང་ལོ་རེ་བཞིན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས་མ་ཆད་པར་སྩལ་བ་དང༌། ལྷ་ལྡན་གྱི་ཇོ་ཤཱཀ་རིན་པོ་ཆེ་རྣམ་པ་གཉིས་དང༌། བལ་ཡུལ་མཆོད་རྟེན་བཅས་སུ་སྔ་ཕྱིར་མཆོད་འབུལ་ཡང་ཡང་བསྐུར་བར་མཛད་པ་དང༌། རྗེ་འདི་སྐུ་མཆེད་རྣམས་ནས་ཨེ་ཝྃ་པའི་འདུས་ཚོགས་ཀྱི་ཚོགས་ཁྲོ་སྤུས་ལྡན་གཅིག་གསར་བཟོས་མཛད་དེ་སྦྱོར་འཇགས་སྩལ་བ་དང་ལྷན་ཅིག་འདུས་ཚོགས་སུ་མང་ཇ་གྲལ་འགྱེད་དང་བཅས་པའི་བསྙེན་བཀུར་གྱ་ནོམ་པ་སྩལ་བ་སོགས་ཞིབ་པར་གཅེན་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་དང༌། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་ཞེས་པའི་མིང་གི་གདགས་གཞི་ནི་ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་ཁོ་ན་ཡིན་ཅིང༌། དེ་ཉིད་ཡུན་རིང་དུ་གནས་པར་བྱེད་པའི་ཐབས་ཀྱང་དམ་པའི་ཆོས་བཤད་པ་དང༌། སྒྲུབ་པ་ཁོ་ན་ལ་ལྟོས་དགོས་པའི་ཕྱིར་ན། གོང་དུ་གསལ་བ་ལྟར་རྗེ་རང་གིས་ཀྱང་གསན་བསམ་སྒོམ་གསུམ་ངལ་མེད་དུ་མཛད་པ་དང༌། གདུལ་བྱ་གཞན་རྣམས་ལའང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཅི་རིགས་པར་བསྐོར་བ་དང༌། དེར་མ་ཟད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་གོང་ནས་གོང་འཕེལ་དུ་འགྱུར་བའི་སླད་དུ། རྗེ་འདི་སྐུ་མཆེད་རྣམས་ནས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་ཉིད་མདོ་ཁམས་ནས་ཨེ་ཝྃ་དུ་སྤྱན་འདྲེན་པར་མཛད་པ་དང༌། དེའི་གསུང་ལས་སྐྱེས་པའི་གནས་ལྔ་རིག་པའི་མཁས་པ་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པ་ཉིད་ཀྱི་ཕྲིན་ལས་ཀྱང་