[A:༤༦༩]གོང་ནས་གོང་འཕེལ་དུ་འགྱུར་བ་མཛད་པ་དང༌། མཁས་པ་ཆེན་པོ་དེ་གཉིས་ཀྱང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་དེ་བཞིན་གཤེགས་པ་བཞུགས་པའི་དུས་ལ་འགྲན་པ་བཞིན་དུ་རྒྱས་པར་མཛད་པ་སོགས་ཞིབ་པར་གོང་དུ་གཅེན་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་དུ་གསལ་བ་ལྟར་ཡིན་ཅིང༌། རྒྱུ་མཚན་དེའི་ཕྱིར་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདི་དག་ཨེ་ཝྃ་པའི་བསྟན་པ་རིན་པོ་ཆེ་ལ་དངོས་དང་བརྒྱུད་པའི་སྒོ་ནས་དཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །ཆེན་པོར་འོས་པའི་ཡོ་བྱད་ཀྱིས། །ཆེན་པོའི་གོ་སར་གཟེངས་བསྟོད་ཀྱང༌། །ཆེན་པོ་གདོད་ནས་བརྙེས་ཟིན་པས། །ཆེན་པོ་ཆུང་ངུས་ཅི་ཞིག་བྱ། །འོན་ཏེ་ཚུར་མཐོང་འགྲོ་འདི་ཡི། །ཡི་རང་པདྨོ་འཛུམ་པའི་སླད། །མངོན་མཐོའི་ཁྲི་ལ་ཞབས་བཀོད་པས། །ཕན་བདེའི་དགའ་སྟོན་ཉིན་བཞིན་སྤེལ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེར། །སྲི་ཞུ་ལན་ཅིག་བགྱིས་པ་ཡང༌། །འདོད་རྒུ་སྟེར་བའི་ནོར་བུ་བཞིན། །ཡང་སྲིད་མང་པོར་རྙེད་པར་དཀའ། །གང་གི་རྣམ་དཀར་ཕྲིན་ལས་ཀྱིས། །འགྲོ་ལ་ཕན་བདེ་རབ་སྩོལ་ཞིང༌། །དེ་ཀུན་ཡིད་ཀྱི་བརྟན་པ་ཡང༌། །ལྷག་མ་མེད་པར་ཁྱོད་ཀྱིས་འཕྲོགས། །ཐུབ་བསྟན་ནུབ་ཀྱི་རི་བོའི་རྩེར། །ཐུན་མཚམས་གོས་དམར་འཛིན་གྱུར་ཀྱང༌། །ཁྱོད་ཀྱི་རླབས་ཆེན་སྤྱོད་པ་ཡིས། །སླར་ཡང་འཆར་ཀའི་ཉི་བཞིན་མཛད། །འདི་ན་སྲིད་པའི་གདུང་འཕྲོག་ཅིང༌། །རྣམ་གྲོལ་བདུད་རྩི་སྦྱིན་མཁས་པ། །རྡོ་རྗེ་འཆང་དངོས་ཀུན་དགའི་མཚན། །ཞིང་ཁམས་གཞན་དུ་གཤེགས་ཚུལ་བསྟན། །ཀྱི་ཧུད་འགྲོ་འདིའི་བསོད་ནམས་ཀྱིས། །འདྲེན་པ་ལན་ཅིག་རྙེད་པ་དེ། །རྨི་ལམ་གྱི་ནི་ནོར་བུ་བཞིན། །སྐད་ཅིག་གཅིག་ལ་མི་སྣང་གྱུར། །ཚུལ་དེས་མགོན་མེད་བདག་ཅག་གི །སྙིང་ལ་མྱ་ངན་གྱིས་གདུངས་