R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༧༠
[A:༤༧༠]པ། །དགུན་དང་འཕྲད་པའི་མེ་ཏོག་གམ། །ཆུ་དང་བྲལ་བའི་ཉ་བཞིན་གྱུར། །འོན་ཀྱང་དེ་དང་མི་གཉིས་པའི། །མགོན་ཁྱོད་འཚོ་གཞེས་རབ་བརྟན་པ། །འདི་ཉིད་ཁོ་ནས་བདག་ཅག་རྣམས། །ཡིད་ལ་ངལ་འཚོ་ཅི་ཡང་ཐོབ། །ཁྱོད་ཀྱི་བྱང་ཆུབ་སྤྱོད་མཆོག་གིས། །མགོན་དེའི་ཐུགས་དགོངས་རབ་བསྐངས་པའི། །ངོ་མཚར་འབྱམས་སུ་ཀླས་པ་གང༌། །ཚངས་པའི་བློས་ཀྱང་གཞལ་ནུས་མིན།། །།སྤྱི་དོན་ལྔ་པ་གསུང་ལས་སྐྱེས་པའི་བསྟན་འཛིན་གྱི་སློབ་མ་ཇི་ཙམ་བྱོན་པའི་ཚུལ་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས་ནི་ཚེ་འདི་སྣང་གི་འཇིག་རྟེན་ཆོས་བརྒྱད་ལ་སོགས་པའི་རྟོག་པ་མཐའ་དག་རྒྱང་རིང་དུ་དོར་ནས། བསྟན་འགྲོའི་དོན་ཁོ་ན་ལ་དགོངས་ཏེ་ཇི་སྐད་དུ། བློ་ཆེན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་གཟུང་བདེ་གོ་སླ་བ། །ཕྱི་ནས་ཚིག་དོན་འབྲེལ་ཆགས་པས། །དོན་ཕྲ་འགལ་འབྲེལ་བཅད་ཅིང་བཤད། །ཅེས་པ་ལྟར་གདུལ་བྱ་རང་རང་གི་བློ་དང་འཚམ་པར་ཆོས་ཀྱི་བདུད་རྩི་ཇི་ལྟར་སྩལ་བའི་ཚུལ་ཡང༌། གོང་དུ་བཤད་པ་ལྟར་ཨེ་ཝྃ་པའི་མཁན་ས་ཞལ་འཛིན་གནང་བའི་སྐབས་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཚར་བདུན་དང༌། དེ་རྗེས་ཚར་གཉིས་ཏེ་བསྡོམས་ལམ་འབྲས་ཚར་དགུའི་གཙོས་པའི་རྗེ་རང་གིས་གསན་པའི་ཆོས་ཕལ་ཆེ་བ་ངལ་དུབ་ལ་མ་གཟིགས་པར་སྩལ་བ་ལ་བརྟན་ནས་གསུང་ལས་སྐྱེས་པའི་ཞལ་སློབ་ཀྱི་རིམ་པའང་སྟོད་མངའ་རིས། བར་དབུས་གཙང༌། སྨད་མདོ་ཁམས་རྣམས་ན་མཐའ་ཡས་པར་བཞུགས་ཤིང༌། དེ་རྣམས་རེ་རེ་ནས་བགྲང་བར་ག་ལ་ནུས། མདོ་ཙམ་སྨོས་ན། ཉི་ཟླ་ལྟར་གྲགས་པའི་མཁས་པ་ཆེན་པོ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཉིས་ཏེ། རིས་སུ་མེད་པའི་གྲུབ་མཐའ་ཡོངས་ཀྱི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོ་ངེས་པ་དོན་གྱི་འཇམ་པའི་དབྱངས་མཁྱེན་