[A:༤༧༢]ཞབས་སེན་རྣམ་པར་བཀོད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དྲུག་ནི། གྲུབ་མཐའ་རིས་མེད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་གནས་ལྔ་རིག་པའི་མཁས་པ་ཆེན་པོ་ཁྲོ་ཤུལ་བླ་མ་ངག་དབང་སྨིན་གྲོལ་རྒྱ་མཚོ་པ་དང༌། མཁས་དང་གྲུབ་པའི་གཙུག་རྒྱན་བླ་མ་ངག་དབང་ཆོས་འབྱོར་པ་དང༌། ཡི་དམ་གྱི་ལྷ་མང་པོའི་བསྙེན་སྒྲུབ་ཕ་མཐར་སོན་པ་གྲུབ་མཆོག་དཔལ་ལྡན་ཕྲིན་ལས་པ་དང༌། མཁས་དང་གྲུབ་པའི་དབང་ཕྱུག་བླ་མ་དགེ་འདུན་རྒྱ་མཚོ་པ་དང༌། སྙན་བརྒྱུད་གདམས་པའི་གཏེར་མཛོད་བླ་མ་ངག་དབང་བཟང་པོ་དང༌། ཉམས་དང་རྟོགས་པའི་དབང་ཕྱུག་བླ་མ་འཇམ་དབྱངས་བློ་གསལ་རྣམས་སོ། །བསྟན་པ་སྟོབས་ཀྱིས་འཛིན་པའི་ཆོས་སྐྱོང་བའི་རྒྱལ་པོ་ནི། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་འཆད་རྩོད་རྩོམ་གསུམ་དང༌། སྟོབས་ཀྱི་སྒོ་ནས་བསྟན་པ་འཛིན་པ་སྡེ་དགེ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་ནམ། ཕྱིས་རབ་ཏུ་བྱུང་བའི་མཚན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་དུ་གྲགས་པ་དང༌། དེའི་ལྷ་སྲས་ཆེ་བ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ་པ་དང༌། ལྷ་སྲས་བར་པ་ལུང་རྟོགས་བསྟན་པའི་སྣང་བྱེད་བྱམས་པ་ཀུན་དགའ་འཇམ་དཔལ་ཕན་བདེའི་སྙིང་པོ་པ་དང༌། ལྷ་སྲས་ཆུང་བ་ལུགས་ཟུང་མཁྱེན་པའི་སྤྱན་རས་བཀྲ་བ་ཚེ་དབང་རྡོ་རྗེ་དགྲ་འདུལ་བ་སྟེ་བཞི་དང༌། གཞན་ཡང་གླིང་ཚང་ལ་སོགས་པ་རྒྱལ་རིགས་སུ་གཏོགས་པ་འགའ་ཞིག་དང༌། ཁམས་ཕྱོགས་ཀྱི་མི་ཆེན་ཕལ་ཆེ་བ་རྗེ་འདིའི་ཞབས་ལ་མ་བཏུད་པ་ཆེར་མེད་པ་ཡིན་ནོ། །མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ལུང་རིག་སྨྲ་བ་བདུན་ནི། རབ་འབྱམས་སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་ལུང་རིག་སྨྲ་བ་གཞན་གྱིས་འགྲན་པར་མི་ནུས་པའི་མཁས་པ་ཆེན་པོ་རྟ་ནག་ཐུབ་བསྟན་གྱི་མཁན་རིན་པོ་