R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༧༣
[A:༤༧༣]ཆེ་སེང་གེ་རབ་རྒྱས་པ་དང༌། ལྔ་རིག་སྨྲ་བའི་དབང་པོ་ཞུ་སློབ་ཀུན་དགའ་དོན་གྲུབ་པ་དང༌། མདོ་རྒྱུད་རྒྱ་མཚོའི་ངེས་གསང་ཐུགས་སུ་ཆུད་ཅིང་འཆད་རྩོད་རྩོམ་གསུམ་ལ་དབང་བསྒྱུར་བ་ཤར་བླ་མ་ཀུན་དགའ་དཔལ་ལྡན་པ་དང༌། མདོ་སྔགས་སྨྲ་བའི་དབང་པོ་ཀློག་པ་བ་སྤྲུལ་སྐུ་ཤེས་རབ་རྒྱ་མཚོ་པ་དང༌། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་བླ་མ་བསྟན་པ་དར་རྒྱས་པ་དང༌། མཁས་བཙུན་བཟང་པོའི་གཏེར་གྱུར་བླ་མ་ཕན་བདེ་བཟང་པོ་པ་དང༌། ལུང་དང་རིག་པ་སྨྲ་བ་བླ་མ་འཇམ་དབྱངས་ཡོན་ཏན་མཐའ་ཡས་རྣམས་སོ། །དགོན་སྡེ་སོ་སོའི་མཁན་པོ་དང༌། སློབ་དཔོན་དང༌། ཆོས་རྗེ་དང༌། སྤྲུལ་སྐུའི་རིགས་ནི། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྒྱལ་རྩེ་གུར་པ་མཁན་པོ་བྱང་སེམས་སྦྱིན་པ་རིན་ཆེན་པ་དང༌། བཞད་ཐུབ་བསྟན་ཡངས་ཅན་གྱི་སློབ་དཔོན་སྐལ་བཟང་རྒྱ་མཚོ་སོགས་དབུས་གཙང་ཕྱོགས་ཀྱི་མཁན་པོ་དང་སློབ་དཔོན་འགའ་ཞིག་དང༌། ཁམས་ཕྱོགས་ཀྱི་ས་དགོན་རྣམས་ཀྱི་སྤྲུལ་སྐུ་ཆེ་ཕྲ་ཕལ་ཆེ་བ་དང༌། སྡེ་དགེ་ཤར་ནུབ་ཀྱི་བླ་མ་རྣམས་དང༌། ཁམས་ཕྱོགས་ཀྱི་ས་དགོན་ཕལ་ཆེ་བའི་དགོན་དཔོན་དང༌། སློབ་དཔོན་ལ་སོགས་པ་ཤིན་ཏུ་མང་པོ་དང༌། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་མངའ་རི་ཆོས་རྗེ་ཀུན་དགའ་འཇམ་དབྱངས་སོགས་བླ་མ་ཆོས་རྗེའི་རིགས་ཤིན་ཏུ་མང་པོ་དང༌། གཞན་ཡང་རྒྱུད་སྡེའི་གནད་ཤེས་པ། བསྐྱེད་རིམ་གྱི་གསལ་སྣང་ཐོབ་པ། རིག་སྔགས་ཀྱི་བདེན་ཚིག་གྲུབ་པ་སོགས་ཤིན་ཏུ་མང་བར་བཞུགས་མོད། དེ་ཐམས་ཅད་ལ་བདག་དད་ཅིང་གུས་པར་གྱུར་ནའང་རེ་རེ་ནས་བགྲང་བར་ག་ལ་ནུས་མདོར་བསྡུ་བའི་དབང་དུ་བྱས་ན། རྗེ་འདི་ཨེ་ཝྃ་པའི་ཆོས་ཀྱི་ཁྲི་ལ་ལོ་བདུན་བཞུགས་པའི་སྐབས། ལོ་རེ་བཞིན་སྡོམ་པ་གསུམ་ཆར་གྱི་བཀའ་དྲིན་རྫོགས་པར་ནོས་པའི་སློབ་མ་མང་དུས་ཉིས་བརྒྱ་ལྷག་ཙམ་དང༌། ཤིན་ཏུ་ཉུང་བའི་དུས་ཀྱང་ཕྱེད་ཉིས་བརྒྱ་སྐོར་འོང་བར་སྣང་བས། དེ་ལྟར་ན་