[A:༤༧༤]སྡོམ་པ་གསུམ་ཆར་གྱི་བཀའ་དྲིན་རྫོགས་པར་ནོས་པའི་ཞལ་སློབ་ནི་སྟོང་དང་སུམ་བརྒྱ་སྐོར་ཡོད་པར་མངོན་ལ། བཀའ་ཆོས་ཀྱི་འབྲེལ་པ་ཙམ་ཐོབ་པའི་སློབ་མ་ནི་བགྲང་བ་ལས་འདས་པ་ཡིན་ནོ། །གང་གི་མཁྱེན་བརྩེ་ནུས་པ་ཡི། །ཡོན་ཏན་འདབ་སྟོང་བཞད་པ་འདིས། །ཡིད་ཀྱི་བརྟན་པ་མ་འཕྲོགས་པའི། །འདི་ན་ཐར་འདོད་སྐྱེ་བོ་སུ། །དེ་སླད་ཁྱོད་ཞབས་རིན་ཆེན་ཕྲེང༌། །སྤྱི་བོའི་རྒྱུན་དུ་གུས་ལེན་པའི། །སྐལ་བཟང་རྣམས་ཀྱིས་གང་གི་གསུང༌། །ལོངས་སྤྱོད་བུང་བས་སྦྲང་རྩི་བཞིན། །ཇི་ལྟར་མཁའ་ལ་རྒྱུ་སྐར་དང༌། །དབྱར་གྱིས་བསྐྱེད་པའི་རྩྭ་ལྗང་བཞིན། །ཁྱོད་གསུང་བདུད་རྩིས་ལུས་རྒྱས་པའི། །མཁས་དང་གྲུབ་པ་བསམ་མི་ཁྱབ། །རྒྱས་པར་བྱས་སོ་ས་མོས་ཚལ། །རི་བོང་འཛིན་པའི་འོད་ཀྱིས་ཏེ། །ལུང་དང་རྟོགས་པའི་བསྟན་པ་ཡང༌། །སློབ་ཚོགས་ཉིང་སློབ་བཅས་པས་སོ། །དེ་སླད་དངོས་དང་བརྒྱུད་པ་ཡི། །སྙིགས་དུས་བསྟན་པ་སྤེལ་བའི་དྲིན། །གལ་ཏེ་གཟུགས་ཅན་ཉིད་གྱུར་ན། །འཇིག་རྟེན་འདི་ཡང་སྣོད་དུ་ཆུང༌།། །།སྤྱི་དོན་དྲུག་པ་སྡོམ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་ཉམས་སུ་བཞེས་པ་ལ་བརྟེན་ནས་ཉམས་རྟོགས་ཇི་ལྟར་འཁྲུངས་པའི་ཚུལ་བྱེ་བྲག་ཏུ་བཤད་པ་ནི། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་ལྟ་བུར་གྱུར་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། ཚུལ་ཁྲིམས་ཕུང་པོར་ཉེས་པའི་སྐྱོན་དང་བྲལ། །བྱང་ཆུབ་སེམས་གཉིས་བདུད་རྩིས་ཐུགས་རྒྱུད་གཏམས། །གསང་ཆེན་རིམ་གཉིས་ཟབ་མོའི་རྣལ་འབྱོར་དང༌། །ནམ་ཡང་འབྲལ་བ་མེད་དེར་གསོལ་བ་འདེབས། །ཟབ་རྒྱས་གདམས་པའི་ངེས་གསང་ཁོང་ཆུད་ཅིང༌། །སྨིན་གྲོལ་འཆད་སྤེལ་ཕྱག་