[A:༤༧༦]བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་མཛད་ཚུན་ཆད་དེ་དག་གི་བསླབ་བྱ་དང་འགལ་བ་ལྟ་ག་ལ་ཞིག་སྟེ། དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་གཞི་མཐའ་དག་ཚུལ་འཆོས་ཙམ་མ་ཡིན་པར་རང་གི་སྐུ་སྲོག་ལས་ཀྱང་གཅེས་པར་བཟུང་སྟེ་བླང་དོར་ཚུལ་བཞིན་དུ་མཛད་པ་ལ་བརྟེན་ནས། ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་རེག་པ་ཡིན་ཏེ། ཐ་ན་སྐུའི་བཞུགས་ཚུལ་དང༌། ན་བཟའ་བཞེས་ཚུལ་ཚུན་ཆད་ནས་མི་ལེགས་པར་ཅུང་ཟད་ཀྱང་མི་མངའ། སྤྱོད་ལམ་ཐམས་ཅད་མཛེས་ཤིང་བརྗིད་ཆགས་པ་དང༌། གང་དུ་བཞུགས་པའི་ས་ཕྱོགས་མཐའ་དག་གཙང་ཞིང་ཡིད་དུ་འོང་བ་དང༌། སྐུ་ལུས་ལས་ཚུལ་ཁྲིམས་ཀྱི་དྲི་བཟང་ཁྱད་པར་ཅན་འཐུལ་བ་སོགས་ཐམས་ཅད་ལ་མངོན་སུམ་དུ་སྣང་བ་འདི་ཡིན་ལ། རྒྱུ་མཚན་དེའི་ཕྱིར་ན་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་བདག་ཉིད་ཆེན་པོ་འདི་ནི་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་དང་ཚུལ་མཚུངས་པར་བཞུགས་པ་ཡིན་ནོ། །དེར་མ་ཟད་སྐུ་ན་ཆུང་ངུའི་དུས་ནས་ཐེག་ཆེན་གྱི་རིགས་སད་དེ། བདག་པས་གཞན་གཅེས་ཀྱི་སྙིང་རྗེ་ཆེན་པོ་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། དེའི་སྟོབས་ཀྱིས་གཞན་ལ་ཕན་གང་ཐོགས་མཛད་པ་ལས། གནོད་པར་འགྱུར་བའི་ལས་ཏིལ་འབྲུ་ཙམ་ཡང་མི་མཛད་ལ། ཁྱད་པར་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་སྡོམ་པ་གསན་ཕྱིན་ཆད་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ནས་ཇི་ལྟར་བཤད་པ་ལྟར་གྱི་ཉེས་སྤྱོད་ཐམས་ཅད་སྡོམ་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྡུད་པ་དང༌། བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་རྒྱ་མཚོ་ལྟ་བུ་ལ་སློབ་པར་མཛད་ཅིང༌། ཁྱད་པར་དུའང་མགོན་