R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༧༧
[A:༤༧༧]མེད་པ་དང༌། སྐྱབས་མེད་པ་དང༌། དབུལ་ཞིང་ཕོངས་པ་དང༌། ནད་དང་སྡུག་བསྔལ་དྲག་པོས་གཟིར་བ་རྣམས་ལ་ལྷག་པར་ཡང་མི་བཟོད་པའི་སྙིང་རྗེ་ཆེན་པོས་ཟས་དང་གོས་ལ་སོགས་པ་ལྷུག་པར་སྩོལ་བ་དང༌། འདིར་སྣང་གི་བྱ་བ་ལ་མངོན་པར་ཞེན་པའི་ཡིད་དྲི་མ་ཅན་དུ་གྱུར་པ་རྣམས་ལའང་ལྷག་པར་བརྩེ་བའི་སྒོ་ནས་དེ་དག་ཆོས་ལ་ཞུགས་པའི་ཐབས་འབའ་ཞིག་མཛད་པ་དང༌། གཞན་ཡང་རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་ཅིང་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པའི་སྟོབས་ཀྱིས་གཞན་དག་གིས་འབུལ་བ་དང་ཞབས་ཏོག་ཤིན་ཏུ་ཆེ་བར་བྱས་ཀྱང་དེ་ལ་ཧ་ཅང་ཐུགས་དགེས་པའང་མེད་ཅིང༌། མ་བྱས་ཀྱང་མི་དགེས་པ་གཏན་ནས་མེད་པ་དང༌། ཟང་ཟིང་གི་དངོས་པོ་རྣམས་ཀྱང་གོང་དུ་བཤད་པ་ལྟར་བླ་མ་དང་དཀོན་མཆོག་མཆོད་པ་དང་དགེ་འདུན་ལ་བསྙེན་བཀུར་བ་དང༌། ངན་སློང་ལ་སྦྱིན་པ་རྣམས་སུ་ཕོངས་པ་མེད་པར་གཏོང་བ་ལས། རང་དོན་དུ་མངོན་པར་ཞེན་པ་ཅུང་ཟད་ཀྱང་མི་མངའ་བ་དང༌། འཇིག་རྟེན་གྱི་སྡེ་དཔོན་ལ་སོགས་པའི་ཆེན་པོ་སུ་ལའང་ངོ་སྲུང་དང༌། མཐུན་འཇུག་རིགས་གཏན་ནས་མི་མཛད་པ་དང༌། ཁྱད་པར་ཚེ་འདི་སྣང་གི་བྱ་གཞག་རིགས་ལ་གཏིང་ནས་མི་དགེས་ཤིང༌། ཞལ་ནས་ཀྱང༌། སྔོན་ངེད་ཀྱི་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་ལས། ཚེ་འདི་སྣང་གི་བྱ་བྱེད་མང་པོ་འདིས་བླ་མ་ལ་ཐུགས་དམ་མི་ཡོང༌། བུ་སློབ་རྣམས་ལ་དཔེ་ཆ་མི་ཡོང་བའི་གཞི་ཡིན་པས་དགོས་ངེས་ཅན་རེ་རེ་ཙམ་ལས་བྱ་བྱེད་མང་པོ་མི་བྱ་ཞེས་ཡང་ཡང་བཀའ་སྩལ་པ་ཡིན་ཅིང༌། དོན་ལའང་ཚེ་འདི་སྣང་གི་དགོས་མེད་ཀྱི་བྱ་བྱེད་མང་པོ་འདིས་རང་གཞན་ཐམས་ཅད་སྡུག་བསྔལ་ལ་སྦྱོར་བའི་རྒྱུ་ཁོ་ན་ལས་མ་འདས་པ་ཡིན་ཅེས་གསུངས་ཤིང༌། རྗེ་རང་ཉིད་ཀྱིས་ཀྱང་སྐུ་གསུང་ཐུགས་