R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༧༨
[A:༤༧༨]ཀྱི་རྟེན་བཞེངས་པ་སོགས་ཆོས་མཐུན་གྱི་མཛད་པ་དགོས་ངེས་ཁོ་ན་ལས། དོན་མེད་ཀྱི་བྱ་བྱེད་མང་པོ་གཏན་ནས་མི་མཛད་ཅིང༌། གཞན་དག་ཚེ་འདི་སྣང་གི་བྱ་བ་ལ་མངོན་པར་ཞེན་པ་རྣམས་ལའང་ཤིན་ཏུ་ཐུགས་སུན་པའི་རྣམ་པ་ཁོ་ན་མཛད་པ་དང༌། གཡོ་སྒྱུ་ཟོལ་ཟོག་གི་རིགས་ནི་ཕྲ་ཞིང་ཕྲ་བའང་མི་མཁྱེན་པ་ལྟ་བུ་ཡིན་ཏེ། གསུང་སྒྲོས་ཞིག་མཛད་པའི་ཚེའང་ཐུགས་ལ་གང་ཤར་དེ་ཉིད་ཐལ་བྱུང་དུ་བཀའ་སྩལ་པ་ལས་འཁྱོག་བཤད་ཀྱི་རིགས་གཏན་ནས་མི་མཛད་ཅིང༌། གཞན་དག་གིས་ཀྱང་ངག་ནས་བརྗོད་པ་དང་ཡིད་ལ་བསམ་པ་གཉིས་ཅུང་ཟད་མི་མཐུན་པར་བྱུང་ནའང་དེ་འདྲའི་གཡོ་སྒྱུ་གསུང་ཞིང་ཤིན་ཏུ་ཐུགས་ཁྲེལ་བར་འགྱུར་བ་དང༌། སྐྱེ་བོ་སུ་ལའང་ཟུར་གྱིས་འཁུ་བ་དང༌། ཞེ་གཅོད་པའི་ཚིག་ངན་ལ་སོགས་པ་ཐ་ན་ཕ་རོལ་པའི་ཡིད་དུ་མི་འོང་བའི་རྣམ་འགྱུར་ཕྲ་མོ་ཚུན་ཆད་སྤངས་ཏེ། དུས་རྟག་ཏུ་འཛུམ་པའི་བཞིན་དང༌། སྙན་པའི་གསུང་གིས་ཕ་རོལ་པོའི་ཡིད་ཡོངས་སུ་ཚིམ་པར་མཛད་པ་སོགས་མདོར་ན་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་ཐར་དང་ཁྱད་པར་ཅིའང་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་རྒྱ་མཚོ་ལྟ་བུ་ལས་དུས་སྐད་ཅིག་ཀྱང་གཡེལ་བ་མེད་པ་ཞིག་གོ །ཁྱད་པར་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པའི་དབང་དུ་བྱས་ན་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་དབང་བསྐུར་བ་རྣམས་ལེགས་པར་གསན་ཕྱིན་ཆད་རྒྱུད་སྡེ་འོག་མ་སོ་སོའི་དམ་ཚིག་རྣམས་དང༌། རྒྱུད་སྡེ་གོང་མ་རྣལ་འབྱོར་བླ་ན་མེད་པའི་དབང་བཞི་སོ་སོའི་དམ་ཚིག་མཐའ་དག་སྲུང་སྡོམ་ཚུལ་བཞིན་དུ་མཛད་པ་ལ་བརྟེན་ནས། ཉེས་ལྟུང་གི་དྲི་མ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་ཤིང༌། དེའི་ངང་ནས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དཔལ་ལྡན་བླ་མ་དམ་པ་རྣམས་ངེས་པར་རྡོ་རྗེ་འཆང་དངོས་