[A:༤༧༩]ཡིན་པ་ལ་ཐེ་ཚོམ་ཅུང་ཟད་ཀྱང་མི་མངའ་བའི་ཐུགས་དད་བསམ་གྱིས་མི་ཁྱབ་པའི་སྒོ་ནས་ཞལ་བཞུགས་པའི་དུས་སུའང་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པས་མཉེས་པར་བྱ་བ་ཁོ་ན་ལས། མི་མཉེས་པ་སྐད་ཅིག་ཀྱང་མི་མཛད་ཅིང༌། ཞི་བར་གཤེགས་ནས་ཀྱང་གོང་དུ་བཤད་པ་ལྟར་དུས་དྲན་གྱི་མཆོད་པ་སོགས་མ་ཆགས་པར་མཛད་ཅིང་རྒྱུན་དུའང་གསོལ་འདེབས་ནར་མར་མཛད་པ་དང༌། ཐུགས་དམ་མཉམས་བཞེས་ཀྱི་རིམ་པའང༌། གོང་དུ་བཤད་པ་ལྟར་གྱི་ཡི་དམ་ལྷའི་ལྗགས་བསྙེན་རྣམས་མཛད་པ་དང༌། དུས་རྒྱུན་དུའང་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་རྩི་དང་མ་བྲལ་བའི་སྒོ་ནས། ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང༌། དཔལ་ཀྱེ་རྡོ་རྗེ་ཕྱི་ནང་སྦྲགས་མའི་མངོན་རྟོགས་ལམ་དུས་ཀྱི་དབང་བླང་བ་དང་བཅས་པ་ཤིན་ཏུ་རྒྱས་པ་དང༌། རྣལ་འབྱོར་དབང་ཕྱུག་གི་སྲུང་བ་དང༌། ནཱ་རོ་མཁའ་སྤྱོད་མ་སྟེ་ས་སྐྱ་པའི་ཆག་མེད་བཞིར་གྲགས་པ་རྣམས་དང༌། འཇམ་དབྱངས་དཀར་པོ་དང༌། འབྱུང་པོ་འདུལ་བྱེད་དང༌། མགོན་དཀར་ཡིད་བཞིན་ནོར་བུ་དང༌། རྡོ་རྗེ་བྲག་རྫོང་མ་རྣམས་ཀྱི་མངོན་རྟོགས་བཟླས་པ་དང་བཅས་པ་དང༌། སྤྱན་རས་གཟིགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བའི་ཛཾ་སེར་ནག་གི་ཆུ་སྦྱིན་དང༌། གཏོར་མ་བརྒྱ་རྩ་དང༌། དབྱུ་གུ་དྲུག་ཅུ་རྩ་བཞི་དང༌། ཡི་དྭགས་ལ་ཆུ་སྦྱིན་དང་བཅས་པ་རྣམས་དང༌། གཏོར་བསྔོའི་རིམ་པའང་ཀྱེ་རྡོ་རྗེ་དང༌། མཁའ་སྤྱོད་མ་དང༌། འབྱུང་པོ་འདུལ་བྱེད་དང༌། མགོན་དཀར་དང༌། གུར་ཞལ་གཉིས་དང༌། དུར་བདག་དང༌། ལས་མགོན་དང༌། སྟག་ཞོན་དང༌། དམག་ཟོར་མ་དང༌། བེཀྩེ་དང༌། མཁའ་འགྲོ་སྤྱི་སྟེ་དེ་རྣམས་ལ་གཏོར་འབུལ་གྱི་ཆོ་ག་ཤིན་ཏུ་རྒྱས་པ་དང་བཅས་པ་རྣམས་མ་ཆག་པར་མཛད་ཅིང༌། སྐབས་སྐབས་སུ་དེའི་སྟེང་དུ་ཡི་དམ་གྱི་ལྷ་འགའ་ཞིག་གི་བདག་བསྐྱེད་གསུང་བ་