[A:༤༨༣]ཤིན་ཏུ་སྲ་ཤིང་མཁྲེགས་པའི་རྡོ་ཡི་ངོས་སུ་ཕྱག་མཛུབ་ཀྱིས་མ་ཎི་བྲིས་པ་དང༌། ཡང་བཞད་ཐུབ་བསྟན་ཡངས་ཅན་གྱི་གྲྭ་ས་བ་རྗེ་འདིའི་ཞལ་སློབ་ཡིན་པ་གཅིག་གིས་ཀྱེ་རྡོ་རྗེའི་གཞི་བསྙེན་བྱེད་པའི་ཚེ་བར་ཆད་ཀྱི་རྣམ་པས་ནད་དྲག་པོ་ཞིག་གིས་བཏབ་པར་བརྟེན། རྗེ་འདི་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པས་སྔ་དྲོའི་དུས་ཤིག་ལ་རྗེ་འདི་སེང་གེ་དཀར་མོ་ཞིག་ལ་ཆིབས་ཏེ་ཕེབས་བྱུང་བས། ཁྱོད་ཀྱིས་ཉམས་ལེན་ལ་བརྩོན་པ་སྐྱེད་ཅིག །ནད་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་བྱུང་བ་ལྟར། དེ་མ་ཐག་ནས་རིམ་གྱིས་ནད་ལས་གྲོལ་བ་ཡིན་ཅེས་ཁོ་རང་གི་ངག་ལས་ཐོས་ཤིང༌། དེ་ལྟ་བུའི་གྲུབ་པའི་མཚན་མ་རྣམས་ནི་སྔོན་གྱི་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་དང་ཁྱད་པར་ཅིའང་མི་སྣང་བས། དོན་ལ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པར་གདོན་མི་ཟ་བ་དང༌། གཞན་ཡང་སྐུ་དངོས་ཀྱིས་དབང་བསྐུར་བ་དང༌། བྱིན་གྱིས་བརླབས་པས་ནི་འགལ་རྐྱེན་བར་ཆད་ལས་གྲོལ་བ་ལྟ་ཅི་སྨོས། ལྗགས་ཆབ་དང༌། གསང་ཆབ་ཚུན་ཆད་ཀྱིས་ཀྱང་སྐྱེ་བོ་མང་པོ་ནད་གདོན་ལས་གྲོལ་བར་མཛད་པ་དང༌། ཡིད་དམ་ལྷའི་སྒྲུབ་མཆོད་དང༌། བཀའ་ཆོས་འཆད་སྤེལ་སོགས་གང་དང་གང་སྩལ་ཀྱང་སྔོན་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་གསུང་རྒྱུན་དང་ཕྱག་ལེན་ཇི་ལྟར་སྩལ་བ་དེ་ཁོ་ན་ལྟར་ལས་སླ་ཆོས་སུ་གཏན་ནས་མ་སོང་བར་མཛད་ཅིང༌། གཞན་དག་ལའང་དེ་ལྟར་དགོས་པའི་དགག་སྒྲུབ་ཀྱི་བཅའ་བ་དམ་པོ་མཛད་པ་དང༌། རིས་སུ་མེད་པའི་གྲུབ་མཐའ་ཐམས་ཅད་ལ་དག་སྣང་ཕྱོགས་མེད་དུ་མཛད་པ་ལས། སྐྱེ་བོ་ངན་པ་གཞན་གྱི་སྤྱོད་ཚུལ་ལྟ་བུའི་ཆགས་སྡང་རིགས་ལྟ་ཅི། ཆོས་པར་རློམ་པ་དང་སྐྱེས་བུ་དམ་པར་གྲགས་པ་ཁ་ཅིག་ཀྱང་རང་གཞན་གྱི་གྲུབ་མཐའི་ཕྱོགས་བཟུང་ནས་གཞན་ལ་ཟུར་གྱིས་སྨོད་པས་ཆོས་ལ་