R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༨༧
[A:༤༨༧]མཐར་ཕྱིན་པ་ཡིན། དེ་བས་ལྷག་བསྡད་ཀྱང་ཡར་ལངས་མི་ཐུབ། མར་སྡོད་མི་ཐུབ། ཕར་འགྲོ་མི་ཐུབ་པ་སོགས་དམིགས་བསལ་རང་གིས་རང་ལ་སྡུག་གཏད་པ་ཁོ་ན་ལས་མེད། ཅེས་རྒྱུན་དུ་ཡང་ཡང་བཀའ་སྩལ་བར་ཕལ་ཆེར་ནི་བཏང་སྙོམས་ངང་ནས་ཅིའང་མི་སེམས། ལ་ལས་ནི་འདི་རྟག་ཏུ་རང་བཀའ་སྩལ་ཞེས་སུན་པའི་རྣམ་པའང་བྱེད། ཁྱད་པར་དགུང་གྲངས་དོན་བཞིར་ཕེབས་པ་ཆུ་ཁྱི་ལོར། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ཞི་བར་གཤེགས་པའི་དགོངས་རྫོགས་སྒྲུབ་པའི་སྐབས་རྣམས་སུའང༌། ད་མཁན་བགྲེས་རིན་པོ་ཆེ་ནི་ཞི་བར་གཤེགས་སོང༌། བན་རྒན་ང་ཡང་ད་ལོ་དང་ད་གཟོད་གཉིས་བསྡད། སང་ཕོད་བྱི་ལོ་ལ་ནི་འགྲོ་རན་པ་ཡིན་ཅེས་བདག་ལའང་ཡང་ཡང་བཀའ་སྩལ་ཞིང༌། གཞན་རྣམས་ལའང་ཡང་ཡང་བཀའ་སྩལ་འདུག་པས། ཕལ་ཆེ་བས་ནི་དུས་རྒྱུན་གྱི་བཀའ་དེ་ལྟ་བུ་ཡིན་སྙམ་པ་འདྲ་ཞིག་ལས་ཅི་ཡང་མི་སེམས། ལོག་རྟོག་ཅན་ལ་ལས་ནི། འདི་འདྲ་རང་གི་བཀའ་གསལ་དྲགས་ན་ནམ་ཕུག་མིས་འཕྱས་ཡོང་ཟེར་བ་འདྲའང་མཆིས། དད་པ་ཅན་བསམ་ཡོད་འགའ་རེས་ནི་རྗེ་འདིས་ང་ལ་འདི་ལྟར་བཀའ་སྩལ་བྱུང་བས་ད་ལེགས་པོ་རང་འོང་རྒྱུ་མིན་པ་འདྲ་ཞེས་བློ་མི་བདེ་བ་བྱེད་མཁན་ཀྱང་མཆིས། བདག་གིས་རྗེ་རང་ལ་ཞབས་བརྟན་འདྲ་བསྒྲུབས་ན་ལེགས་རྒྱུ་མིན་ནམ། མནལ་ལྟས་ལ་སོགས་པ་ངན་པ་འདྲའང་མེད་དམ་ཞུས་པས། ད་ན་སོ་རྒས་དྲགས་པས་ཟེར་བ་ཡིན། གཞན་རྨི་ལྟས་ངན་པ་སོགས་ཅིའང་མེད། ཞབས་བརྟན་ནི་དགེ་བ་འདྲ་ཅི་འགྲུབ་བྱེད་པ་འདི་ཡིན་མོད། དེ་ལས་དམིགས་བསལ་གྱི་ཞབས་བརྟན་དགོས་ཀྱང་མི་དགོས། དུས་ལ་བབ་ན་ཞབས་བརྟན་གྱིས་ཀྱང་ཕན་པ་མེད་ཅེས་བཀའ་སྩལ། སྐུ་གཟུགས་ནི་དགུང་གྲངས་དོན་བཞི་པ་དང༌། དོན་ལྔ་པའི་ཟླ་བ་དྲུག་པ་ཕན་ལ་དུས་