R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༨༨
[A:༤༨༨]རྒྱུན་ལས་བདེ་བ་ལྟར་སྣང་ཞིང༌། མཁན་ཆེན་རྡོ་རྗེ་འཆང་ཁུ་དབོན་གྱི་དུས་ཆེན་བླ་མཆོད་ལ་སོགས་པ་དང༌། གཞན་ཡང་ཀུན་རིག་དང༌། སྒྲོལ་མ་མཎྜལ་བཞི་ཆོག་སོགས་མཛད་ཅིང་དེ་དག་གི་ཚོགས་དབུར་ཕེབས་པ་དང༌། ཁྱད་པར་སྡེ་དགེ་ཆོས་རྒྱལ་ཆེན་པོའི་བསྟན་སྲིད་ལ་ཉག་དགྲས་གནོད་ཅིང་འཚེ་བར་གྱུར་པ་ལ་ཤིན་ཏུ་ཐུགས་ཁྲལ་ཆེ་བར་མཛད་ཅིང༌། དེ་ལ་ཕན་པའི་སླད་དུ་མགོན་ཁང་ཁག་རྣམས་སུ་སྐོང་བ་དང༌། ལྷ་ཁང་ཁག་རྣམས་སུ་ཡན་ལག་བདུན་པའི་ཆོ་ག་ལ་སོགས་པ་མཛད་ཅིང༌། དེ་དག་གི་ཚོགས་དབུར་ཕེབས་པ་དང༌། དགུང་གྲངས་དོན་ལྔར་ཕེབས་པ་ཆུ་མོ་ཕག་གི་ལོར། འདི་ལོ་དཔྱིད་ཀ་མཚར་མཚར་བགྱིས་ཏེ་ཆུ་ཚན་ཞིག་ལ་འགྲོ། དེའང་མང་མཁར་དུ་ཕྱིན་ན་ཞོར་དུ་ཕུན་ཚོགས་གླིང་ལ་སོགས་པའི་གནས་ཁྱད་པར་ཅན་འདྲའང་མཇལ་བར་འདུག་ཅེས་བཀའ་ཕེབས་ནའང༌། དབོན་མཛོད་མཆོག་ནས་མང་མཁར་ས་ཐག་རིང་བས་ཕེབས་མི་ཉན་ཚུལ་ཞུས་སོང་བས་མང་མཁར་དུ་ཕེབས་གྲུ་མ་སོང་ཡང༌། ལོ་དེའི་ཧོར་ཟླ་གསུམ་པའི་མཇུག་ཚ་རོང་ཆུ་ཚན་དུ་ཕེབས། དེ་ཞོར་དཔལ་གླིང་དུའང་ཕེབས་ཏེ་ཚེ་དབང་སོགས་འདོད་ཆོས་རྣམས་སྩལ། རི་ཁྲུས་ཁྱིམ་ཁྲུས་ལྷ་བསང་སོགས་མཛད་པས་དཔལ་གླིང་དུ་འཇའ་ཟུག་པ་སོགས་ངོ་མཚར་བའི་ལྟས་ཀྱང་འགའ་ཞིག་བྱུང་ཞེས་ཐམས་ཅད་ཀྱིས་གླེང༌། སླར་ཧོར་ཟླ་བཞི་པའི་ནང་ངོར་དུ་ཕེབས། དེ་ནས་བཟུང་ཟླ་བ་དྲུག་པའི་ཚེས་གནམ་གང་བར་སྐུ་ཁམས་དྭངས་བཞུགས་ཡིན་ལ། གནམ་སྟོང་གི་ཉིན་སྔ་དྲོ་ཤིང་ཏོག་ཕྲན་བུ་ཞིག་ཀྱང་གསོལ་བ་དང༌། ཕྱི་དྲོ་འབྲི་ཞོ་ཞིག་ཀྱང་ཅུང་ཟད་གསོལ་སོང་བས་རྐྱེན་བྱས་པ་ཡིན་ནམ། དེའི་ཕྱི་ཉིན་ཟླ་བ་བདུན་པའི་ཚེས་གཅིག་གི་སྔ་དྲོ་ནས་བཟུང་གློ་བུར་དུ་སྐུ་གྲང་ལྟ་བུའི་བསྙུན་ཚུལ་ཚབས་ཆེར་བཞེས་པ་དང༌། དེ་དང་ལྷན་ཅིག་སྐྱིགས་བུའང་ཉིན་མཚན་བར་མ་ཆད་པར་མཛད་སྣང་བས། བདག་ཅག་ཅི་