R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༩༤
[A:༤༩༤]དུ་དད་ཤུགས་ཀྱི་མཆི་མ་རྒྱུན་མི་འཆད་པར་འོང་བ་ཞིག་འདུག །མངོན་སུམ་ལས་ཀྱང་གསལ་བའི་རྨི་ལམ་དེ་ལྟ་བུ་ཞིག་བྱུང་བས་རྗེ་འདི་སྐུ་ཁམས་ཅི་འདྲ་ཞེས་དྲིས་བྱུང་བ་དང༌། གཞིས་རྩེ་ནས་འཚོ་བྱེད་པ་དང༌། དེ་འབོད་མི་བཅས་ཀྱང་ཤིན་ཏུ་སྔ་བར་ཡར་ཡོང༌། ཕྱུག་པོ་གཞུང་ངོས་ནས་ཡར་བལྟས་པས་ངོར་གྱི་ཐད་ཀྱི་ནམ་མཁའ་ཐམས་ཅད་འཇའ་ཁ་དོག་ལྔ་ལྡན་གྱིས་ཁྲིག་གེར་གང་འདུག་ཅེས་གླེང༌། གང་ལྟར་ཡང་ཉི་ཤར་ཙམ་ན་ལྗགས་དབུགས་ཀྱང་མི་སྣང་བས། བདག་གིས་ཐུགས་དམ་གསལ་འདེབས་འདྲ་ཞུས་པས་སྤྱན་དམིགས་ལྟ་བུ་མཛད་སོང་བ་བཅས་མདོར་ན་དགུང་གྲངས་དོན་དྲུག་ཏུ་ཕེབས་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོའི་ས་ག་ཟླ་བའི་ཚེས་བཅུ་རེས་གཟའ་ཟླ་བ་དང༌། སྐར་མ་རྟ་ཆུང་འཛོམ་པའི་ཉི་དྲོས་སྦྲུལ་གྱི་སྟེང་དུ་རླུང་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་སྒྲ་གཅན་གྱི་རྩ་དབུ་མའི་ནང་དུ་ཞུགས་ཏེ་གཞི་ལ་གནས་པའི་འོད་གསལ་མ་དང༌། བསྒོམ་སྟོབས་ཀྱིས་མྱོང་བའི་འོད་གསལ་བུ་གཉིས་རོ་གཅིག་ཏུ་འདྲེས་ནས་དོན་གྱི་འོད་གསལ་ཞེས་བྱ་བའི་འཆི་བ་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །དེའི་ཚེ་ནམ་མཁའི་མཐའ་སྐོར་ན་སྤྲིན་མཆོད་པའི་གཟུགས་བརྙན་འདྲ་བ་ཅུང་ཟད་མཆིས་པ་དང༌། ནམ་མཁའི་མཐོངས་ཐམས་ཅད་ཀུན་ཏུ་དྭངས་ཞིང༌། ཉི་མ་ཤིན་ཏུ་དྲོ་བའི་གསེབ་ནས་གངས་ལྟ་བུ་རེ་ཟུང་འབབས་པ་ནི་བདག་ཅག་ཐམས་ཅད་ཀྱིས་མཐོང་བས་མེ་ཏོག་གི་ཆར་ཡིན་པར་མངོན་ནོ། །དེ་ནས་ཉི་མ་ཕྱེད་ཙམ་ནས་འཇའ་སྤྲིན་གྱིས་ནམ་མཁའ་ཕལ་ཆེར་ཁྱབ་སྣང་ངོ༌། །བདག་ཅག་རྣམས་ནི་མགོན་དང་སྐྱབས་དང་དཔུང་གཉེན་ཐམས་ཅད་དང་བྲལ་བས་དང་ཉ་བྱེ་ཚན་དུ་དོར་བའམ། རྒྱ་མཚོའི་ཀློང་དུ་དེད་དཔོན་དང་བྲལ་བའི་ཚོང་ཕྲུག་གི་ཚོགས་འཁྱམས་པ་བཞིན་དུ་སྡུག་བསྔལ་དྲག་པོས་ནོན་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་རུང༌། ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པ་དང༌།