R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༩༥
[A:༤༩༥] བླ་མའི་ཐུགས་རྗེ་དང་བྱིན་རླབས་ལ་ཉེ་རིང་མེད་པ་ཁོ་ན་རྒྱུན་མཚན་དུ་བྱས་ནས་རང་གིས་རང་ལ་སེམས་བསོ་བགྱི་བ་དང༌། རྗེ་རང་ལ་གསོལ་བ་རྩེ་གཅིག་འདེབས་པ་ལས་གཞན་པའི་ཐབས་ཟད་ཅིང༌། ཞི་བར་གཤེགས་མ་ཐག་ནས་བཟུང་ཐུགས་དམ་མ་གྲོལ་གྱི་བར་དུ། བླ་མ་བསྟན་པ་དར་རྒྱས་ཀྱི་གཙོས་དགེ་སློང་བཞིས་རྗེ་ཉིད་ཀྱིས་དུས་རྒྱུན་དུ་གསུངས་པའི་ཡི་དམ་ལྷའི་མངོན་རྟོགས་རྣམས་དང༌། གཏོར་བསྔོ་དང་བཅས་པ་ཉིན་རེ་བཞིན་ཐུན་གཉིས་སུ་བཅད་ནས་ཉམས་སུ་བླངས་པ་དང༌། ཐུགས་དམ་གྱི་སྐབས་སྐུའི་གཟི་མདངས་དུས་རྒྱུན་པས་ལེགས་ཤིང༌། སྐུ་ཤ་དཀར་བ་དང༌། ཞལ་རས་ཀྱི་ངོས་སུ་གཉེར་མའང་ཆེར་མེད་པའི་གཞོན་ཤ་ཆགས་པར་མཆིས། ཟླ་བ་དེའི་ཚེས་བཅུ་གསུམ་གྱི་ནུབ་མོ་ད་རང་ཐུགས་དམ་ལས་གྲོལ་མེད་དམ་སྙམ་པ་འདྲ་ཞིག་སེམས་ལ་ཤར་ཏེ་སྐུ་གདུང་རིན་པོ་ཆེ་མཇལ་བས་དེ་མུ་ལྟར་མཆིས། ནམ་མཁའ་ལ་ཡང་ཡང་བལྟས་པས་འཇའ་སྤྲིན་དཀར་པོ་ཤས་ཆེ་བའི་ཁ་དོག་ལྔ་ལྡན་གྱི་འཇའ་སྤྲིན་འདྲ་མང་པོ་ཤར་སོང༌། དེ་ནུབ་སྤོང་བ་པ་ཀུན་བསོད་ལགས་ཀྱི་རྨི་ལམ་དུའང༌། ལྷའི་བུ་དང་བུ་མོ་མཆོད་རྫས་ཐོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཨེ་ཝྃ་བླ་བྲང་གཞུང་གི་རྒྱབ་ནས་བསྐོར་ཏེ་ཕར་ནུབ་ཕྱོགས་སུ་སོང༌། ཅི་ཡིན་དྲིས་པས། མཁན་ཆེན་རྡོ་རྗཻ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དག་པའི་ཞིང་ཁམས་སུ་ཕེབས་པ་ཡིན་ཟེར། འོ་ན་ངའང་བླ་མ་མཇལ་དུ་འགྲོ་སྙམ་ཕྱིན་པས་ཐར་རྩེ་ནུབ་སྒོ་དང་ཉེ་བར་སླེབས། དེ་ན་མི་ནག་པོ་འཇིགས་སུ་རུང་བ་ཞིག་འགྲོ་ཡིན་འདུག་པ་ཀུན་བསོད་ལ་ཕྱི་མིག་ཅིག་བལྟས་ནས། ཁྱོད་ད་བླ་མ་མཇལ་མོས་པར་འདུག་ཏེ་ད་ནངས་མཁའ་སྤྱོད་ལ་ཕེབས་སོང༌། དེའང་ཐོག་མར་ནུབ་ཕྱོགས་བདེ་བ་ཅན་ན་ངོར་ཆེན་རྡོ་རྗེ་འཆང་བཞུགས་འདུག་པས་དེའི་དྲུང་དུ་ཕེབས་སོང༌། ངའང་ཕེབས་སྐྱེལ་དུ་ཕྱིན་པ་ཡིན་ཟེར་ཐར་རྩེའི་ནུབ་སྒོའི་ནང་དུ་ཡར་ཐལ་གྱིས་