[A:༥༠༠]ཐོག་མར་ཐུགས་དམ་གྲོལ་བ་ནས་བཟུང༌། སྐུ་གདུང་རིན་པོ་ཆེར་ཞུགས་མ་ཕུལ་གྱི་བར་དུ་ཉིན་རེ་བཞིན་སྤོས་མར་མེ་ཞལ་ཟས་རྣམས་རེ་རེ་ནས་བརྒྱ་ཕྲག་གཉིས་གསུམ་རེ་མ་ཆག་པར་ཕུལ་བ་དང༌། དེ་ནས་ཀྱང་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་ཉིན་རེ་བཞིན་རྣམ་གསུམ་བརྒྱ་མཆོད་རེ་མ་ཆད་པར་ཕུལ་བ་དང༌། ཡང་ས་ག་ཟླ་བའི་ཚེས་བཅུ་ནས་བཟུང་དགུང་ཞག་ཞེ་དགུ་མ་རྫོགས་ཀྱི་བར་ཞག་ལྔ་བཅུ་ང་བཞི་ལ་ཉིན་རེ་བཞིན་དགེ་སློང་བཅུས་སྔ་དྲོ་བདག་བསྐྱེད་བསྙེན་རྒྱས་དང་འབྲེལ་བའི་དཔལ་ཀུན་ཏུ་རིག་པའི་རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་དང༌། ཕྱི་དྲོ་བདག་བསྐྱེད་རྡོ་རྗེ་སེམས་དཔའ་དང་འབྲེལ་བའི་ཀུན་རིག་གི་ཆོ་ག་རེ་སྟེ་ཚར་གཉིས་མ་ཆད་པར་བགྱིས་པ་དང༌། དེའང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་དམིགས་ཏེ་བདག་ཉིད་འཇུག་ཅིང་དབང་བླང་བ་ཁོ་ན་བགྱིས་པ་ཡིན་ལ། ཁྱད་པར་བདུན་ཚིགས་རེ་རྫོགས་ཉིན་དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བའི་ཕྱིར་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་བླ་མ་རེ་རེ་གདན་ཞུས་དང་འབྲེལ་བར་དགེ་སློང་ཉི་ཤུ་རེས་ཀུན་རིག་གི་ཆོ་ག་ཚར་གཉིས་རེ་བགྱིས་པ་དང༌། དེ་ཐམས་ཅད་ལའང་ཉིན་རེ་བཞིན་མཆོད་པ་ཤིན་ཏུ་རྒྱས་པ་དང༌། གྲྭ་པ་རེ་ལ་ཉིན་རེ་བཞིན་ཕྱག་འགྱེད་དངུལ་ཞོ་རེ་ཕུལ་བ་སོགས་བསྙེན་བཀུར་ཟབ་པ་དང༌། ཡང་བདུན་ཚིག་རེ་རེའི་མཚམས་སུ་དགེ་སློང་བཞི་རེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་བགྱིས་པ་དང༌། ཡང་ཨེ་ཝྃ་པའི་ལམ་འབྲས་ལྷ་ཁང་སོགས་དང༌། རྗེ་རང་གི་གཟིམ་ཆུང་བཅས་རེ་མོས་ཀྱིས་ཉིན་རེ་བཞིན་བརྒྱ་མཆོད་རེ་དང་བཅས་ཏེ་དགེ་སློང་བཅུ་སྐོར་རེས་སྔ་ཕྱིར་བླ་མ་མཆོད་པ་ཉིན་ཉི་ཤུ་སྐོར་བགྱིས་པ་དང༌། དེ་དག་སོ་སོར་གྲྭ་པ་རེར་ཡོན་འབུལ་དངུལ་ཞོ་རེ་དང་བཅས་པའི་བསྙེན་བཀུར་ཟབ་པ་དང༌། ཐུགས་དམ་གྲོལ་བ་ནས་བཟུང་རིམ་གྱིས་ཨེ་ཝྃ་བླ་བྲང་