[A:༥༠༧]གི་སྒྲུབ་སྡེ་ཁག །དབེན་སྒང་རི་ཁྲོད་པ། སྲད་ཆོས་འཁོར་གླིང་རྣམས་སུ་མང་ཇ་དང་བླ་མ་སོ་སོར་བསྔོ་ཞུས། རྟེན་གསུམ་སོ་སོར་བརྒྱ་མཆོད་བཅས་དང༌། སྲད་རྒྱུད་པ་དང༌། སྲད་དགོན་ཁྲ། ཤངས་རྒྱ་མཚོ་དགོན། འབྲས་ཡུལ་སྐྱེད་མོས་ཚལ་རྣམས་ཀྱི་རྟེན་གསུམ་སོ་སོར་བརྒྱ་མཆོད་དང༌། བླ་མ་སོ་སོར་བསྔོ་ཞུས། འདུས་ཚོགས་སོ་སོར་མང་ཇ་དང༌། འགྱེད་གྲྭ་པ་རེ་རེར་དངུལ་སྐར་ལྔ་རེ་བཅས་ཕུལ་བ་དང༌། དབུས་ཕྱོགས་སུ་ཇོ་ཤཱཀ་རྣམ་གཉིས་ཀྱི་གཙོས་རྟེན་གསུམ་ཁྱད་པར་དུ་འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་འབུལ་གྱི་རྟེན་དུ་བོད་དངུལ་རྡོ་ཚད་གཅིག་བསྐུར་བ་དང༌། གཞན་ཡང་བདུན་ཚིགས་གཉིས་པ་རྫོགས་པའི་རྗེས་སུ། སྤྱིར་ཁང་སྟེང་ལ་སོགས་པར་ས་ཆོག་མ་བྱས་ཀྱང་ཆོག་མོད། བྱས་ཀྱང་འགལ་བ་མེད་པར་སེམས་ནས་ས་ཆོག་མདོར་བསྡུས་སྔོན་དུ་འགྲོ་བའི་སྒོ་ནས་གདུང་ཁང་མྱང་འདས་མཆོད་རྟེན་གྱི་དབྱིབས་སུ་བརྩིགས་པ་དང༌། སྦྱིན་སྲེག་ཀྱང་འབྱོར་པས་ལྕོགས་ན་གསུམ་བཞི་སོགས་བྱས་ཀྱང་འགལ་བ་མེད་པར་སེམས་ནས། འོག་ཏུ་ཀུན་རིག་དང༌། དེ་སྟེང་རྒྱ་ལྕོག་གི་སྟེང་དུ་དཔལ་ཀྱེ་རྡོ་རྗེའི་སྦྱིན་སྲེག་གི་དཀྱིལ་འཁོར་བྲིས་པ་དང༌། སྔར་ཀྱེ་རྡོ་རྗེའི་སྒོ་ནས་སྐུ་གདུང་རིན་པོ་ཆེར་གནས་ཡིག་གདགས་པ་དང༌། རྣམ་སྣང་དགེས་པ་རྡོ་རྗེར་བསྐྱེད་པ་སོགས་གྲུབ་ཟིན་པ་ཡིན་ནའང༌། ཀུན་རིག་གི་སྔོན་འགྲོའི་རྡོ་རྗེ་སེམས་དཔར་བསྐྱེད་པ་དང༌། གནས་ཡིག་གདགས་པ་སོགས་བགྱིས་པ་དང༌། དེ་ནུབ་མཆོད་པའི་བྱེ་བྲག་འགའ་ཞིག་དང་བཅས་ཏེ་སྐུ་གདུང་རིན་པོ་ཆེ་གདུང་ཁང་དུ་སྤྱན་དྲངས་པ་དང༌། དེའི་ཕྱི་ཉིན་ཧོར་ཟླ་ལྔ་པའི་ཚེས་གཉིས་ཀྱི་ཐོ་རངས་ཙམ་ནས་ལུང་རིག་སྨྲ་བའི་དབང་ཕྱུག་ཁང་གསར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོར་སྤྱན་དྲངས་ཏེ། བསྙེན་པ་སོང་བའི་དགེ་སློང་བཅུ་ཕྲག་གཅིག་དང་བཅས་པས་དཔལ་དགྱེས་པ་རྡོ་རྗེའི་སྒོ་