[A:༥༠༨]ནས་སྐུ་གདུང་རིན་པོ་ཆེར་ཞུགས་འབུལ་བ་དང༌། བསྟན་པའི་སྣང་བྱེད་བླ་མ་བསྟན་པ་དར་རྒྱས་ཀྱི་དབུ་བྱས་པའི་དགེ་སློང་བརྒྱད་ཀྱིས་བཅོམ་ལྡན་འདས་ཀུན་ཏུ་རིག་པའི་སྒོ་ནས་སྐུ་གདུང་རིན་པོ་ཆེར་ཞུགས་འབུལ་བའི་ཞབས་ཏོག་རྒྱུད་སྡེ་ནས་ཇི་ལྟར་གསུངས་པ་བཞིན་དུ་བསྒྲུབས་ཤིང༌། དེ་ཉིན་ཐོ་རངས་ནས་བཟུང་ནམ་མཁའ་ཐམས་ཅད་ཁ་དོག་སྣ་ཚོགས་པའི་སྤྲིན་གྱིས་གང་བ་ཞིག་ནི་ངེས་པར་འདུག་ཅིང༌། དགོན་པའི་གྲྭ་པ་ཕལ་ཆེར་ཞིག་གིས་ནི་ད་ནངས་ཐོ་རངས་འཇའ་ཁ་དོག་ལྔ་ལྡན་རྩ་བ་གཅིག་པ་ཤར་ངོས་སུ་བསྟན་ཅིང་རྩེ་མོ་མང་པོར་གྱེས་པ་ནུབ་ཕྱོགས་སུ་ཟུག་པ་ཞིག་ཤར་སོང་བ་དེ་ལྟ་བུ་ནི་སྔར་མཁན་ཆེན་རྡོ་རྗཻ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་གདུང་བཞུའི་སྐབས་ཀྱི་འཇའ་ཡིས་ཀྱང་ཆ་ཤས་ཙམ་ཡང་འགྲན་པར་མི་གཟོད་ཅེས་གླེང་འདུག་པ་དང༌། ཐོག་མར་ཞུགས་འབུལ་བའི་ཚེ་མེ་རང་འབར་ལྟ་བུའི་ཤིན་ཏུ་འབར་སླ་བ་དང༌། དེ་དུས་ཀྱི་དུད་པ་ནི། ཐོག་མར་གདུང་ཁང་གི་སྟེང་དུ་འཁྱིལ་བ་སྙམ་བྱེད་ཅིང༌། དེ་ནས་དུད་པ་རྣམས་དགོན་པའི་ནུབ་ངོས་ཀྱི་ནམ་མཁར་སོང་ཞིང༌། དེ་ནས་དགོན་པ་ལ་གཡོན་སྐོར་ལན་ཅིག་བྱས་ནས། མཐར་ནམ་མཁའི་འཇའ་སྤྲིན་རྣམས་དང་དབྱེར་མེད་དུ་འདྲེས་པའི་ཚུལ་གྱིས་ཡལ་བར་གྱུར་ཅེས་ཟེར་བ་དང༌། མེ་ལྕེ་རྣམས་ཀྱང་ཁ་དོག་དཀར་གསལ་འོད་དང་ལྡན་ཞིང༌། གཞན་དུ་འཁྱག་འཁྱོག་མེད་པར་རྩེ་མོ་རྣམས་རྩྭ་ལྗང་གཤིབས་པ་ལྟར་གྱེན་ཁོ་ནར་འབར་བའི་ཡ་མཚན་པ་དང༌། སྐབས་སྐབས་སུ་བཀྲ་ཤིས་པའི་རི་མོའི་དབྱིབས་ལྟ་བུར་འབར་བ་དང༌། བསྲེག་རྫས་རྣམས་འབུལ་མ་ཚར་གོང་ནས་སྐུ་གདུང་རིན་པོ་ཆེར་མེ་བཞེས་གྲུབ་པའི་ཤིན་ཏུ་སླ་བ་དང༌། ཁྱད་པར་དྲི་ཞིམ་པོས་དགོན་པའི་གླིང་ཐམས་ཅད་ལ་ཁྱབ་པ་ནི་སྐྱེ་བོ་མཐའ་དག་ལ་མངོན་སུམ་ཚད་མས་གྲུབ་པ་ཉིད་དོ། །དེ་ཉིན་མཁན་རིན་པོ་ཆེ་ཁྲི་ཐོག་པའི་མདུན་གསེར་ཟངས་ལས་གྲུབ་པའི་གོང་མ་དབང་སྡུད་སྙིང་པོའི་སྣང་བརྙན་དང༌། དངུལ་གྱི་འབྲུ་པར། ཟངས་བུམ་ཁ་མཆུ་ཞབས་གསུམ་དངུལ་ལས་གྲུབ་པ། ཕྱག་ཏིང་