R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༠༩
[A:༥༠༩]དངུལ་ཐག་ཅན་དང༌། གསེར་ཌར་དངུལ་ཤན་མ། རོལ་མོ་ཆ། མཛོད་གོས་དམར་སེར་གྱིས་ཤན་པའི་སྐུ་སྦྱར་མེ་ལོང་མ། སྲབ་ཐེར་གྱི་ཆོས་གོས། ལེ་ནའི་སྐུ་གཟན། ཞབས་ལྷྭམ་འཇའ་ཆེན། ནམ་ཐོང་ཕྱར་བ། ཇ་འཁོར་དྲུག་གཉིས། འབྲས་དོ་སོགས་ཕུལ་བ་དང༌། བླ་མ་བསྟན་པར་ནང་གོས་ཀྱི་སྟོད་རྩེ་དང༌། ཇ་སྦག་གཉིས་སོགས་ཕུལ་བ་དང༌། དེ་བྱིང་ཐམས་ཅད་ལའང་རྣམ་གཞག་དང་ཡོན་འབུལ་ལ་སོགས་པ་ཤིན་ཏུ་ཟབ་པར་བགྱིས་སོ། །དེ་ནས་མཆོད་པ་དང་བཅས་ཏེ་ཞག་བདུན་སོང་བའི་མཐར་གདུང་ཁང་ཞལ་ཕྱེ་བ་ན། གདུང་རུས་ནི་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་སྐབས་ལྟར་ཉུང་ཙམ་ཞིག་ལས་མ་མཆིས་སོ། །དེའི་རྗེས་སུ་རྒྱུད་སྡེ་རྣམས་ནས་ཇི་ལྟར་བཤད་པ་བཞིན་གྱིས་གདུང་རུས་རྣམས་བཏུས་ཏེ་དཔལ་ཀྱེ་རྡོ་རྗེའི་སྒོ་ནས་བསྒྲུབས་པའི་བུམ་ཆུས་སྐུ་ཁྲུས་གསོལ་བ་དང༌། དཔལ་ཀུན་རིག་གི་རྩ་རིག་འབུམ་ཕྲག་འགྲོ་ངེས་བགྱིས་པའི་བུམ་ཆུས་ཡང་ཡང་སྐུ་ཁྲུས་གསོལ་ཞིང༌། སླར་གདུང་རུས་རྣམས་ཞིབ་པར་བཏགས་ཏེ་རིན་པོ་ཆེའི་ཕྱེ་མ་དང༌། དྲི་ཞིམ་པོའི་ཆུས་སྤྲུས་པའི་འཇིམ་པ་གཙང་མ་དང་ལྷན་ཅིག་ཏུ་བསྲེས་ཏེ། འཇིམ་པ་བྱིན་རླབས་སྔོན་དུ་འགྲོ་བས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་དང་བཅས་པའི་སྐུ་འདྲ་མང་དུ་སྤར་བཏབ་ཅིང་དེ་རྣམས་ལའང་རབ་ཏུ་གནས་པ་བརྒྱ་ཚར་འགྲོ་ངེས་བགྱིས་པ་དང༌། ཡང་གདུང་ཐལ་རྣམས་ལའང་གདུང་རུས་ཤིན་ཏུ་ཞིབ་པ་ཕྲན་བུ་འདྲེས་སྣང་བས་དེ་དག་ཀྱང་ཤིན་ཏུ་ཞིབ་པར་བཏགས་ཤིང་དྲི་ཞིམ་པོའི་ཆུས་སྤྲུས་པའི་འཇིམ་པ་དང་བསྲེས་ཏེ། འཇིམ་པ་བྱིན་རླབས་སྔོན་དུ་འགྲོ་བའི་སྒོ་ནས་རིགས་ལྔའི་ས་བོན་དང༌། གཙུག་ཏོར་དྲི་མེད་ཀྱི་གཟུངས་དང༌། རྟེན་འབྲེལ་སྙིང་པོ་བཅས་ཀྱི་གཟུངས་གཞུག་དང་ལྡན་པའི་སཱཙྪ་ཁྲི་ཕྲག་བརྒྱད་ལྷག་ཙམ་བཞེངས་ཤིང༌། དེ་ཐམས་ཅད་ལའང་རབ་ཏུ་གནས་པ་བགྱིས་པ་