R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༡༠
[A:༥༡༠]དང༌། ཁྱད་པར་ལོ་དེའི་ཧོར་ཟླ་བརྒྱད་པའི་ནང་ཕྱི་རྟེན་ཁང་བུ་བརྩེགས་པའི་མཆོན་རྟེན་བཞེངས་པར། ཐོག་མར་ས་ཆོག་མདོར་བསྡུས་དང༌། ས་བདག་ལྟོ་འཕྱེའི་ཐིག་དང༌། གཏེར་བུམ་གཞུག་པ་སོགས་སྔོན་དུ་འགྲོ་བས་མཆོད་རྟེན་གྱི་ཕྱགས་ཚད་རྣམས་ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་དུ་བགྱིས་པ་དང༌། དེའི་ནང་དུའང་མཚན་ཉིད་དང་ལྡན་པའི་སྲོག་ཤིང་ལ་ཇི་སྐད་བཤད་པ་ལྟར་གྱི་གཟུངས་གཞུག་པ་དང༌། འབྲི་བ་སོགས་དང༌། ཁྱད་པར་བླ་མ་བརྒྱུད་པའི་མཚན་འབུམ་ནས་བཟུང༌། ཆོས་སྲུང་ནོར་ལྷ་དང་བཀྲ་ཤིས་ཀྱི་བར་ཐམས་ཅད་ཀྱི་གོ་རིམ་མ་འཕྱུགས་པ་གོང་མའི་ཕྱག་ལེན་ཇི་ལྟ་བ་བཞིན་དང༌། འོག་ཏུ་གནོད་སྦྱིན་འཁོར་ལོ་དང་ནོར་ལྷའི་གཏེར་བུམ་བཅས་དང༌། ཁྱད་པར་སཱཙྪ་རྣམས་ཀྱང་ཡོངས་སུ་རྫོགས་པ་བཞུགས་སུ་གསོལ་ཞིང༌། དེ་དག་ཀྱང་ས་རྡོ་སྤུངས་པ་ལྟ་བུ་མ་ཡིན་པར་རེ་རེ་ནས་པད་སྤུངས་མཆོད་རྟེན་ཤར་དུ་བསྟན་ཏེ་བསྒྲིགས་པ་དང༌། སྟར་རེ་བསྒྲིགས་ཚར་བའི་རྗེས་སུ་སཱཙྪ་རབ་གནས་མདོར་བསྡུས་རེའང་བགྱིས་པ་དང༌། དེ་དག་གི་བར་ཐམས་ཅད་ཀྱང་གསང་དང་ཤུག་ཕྱེ་ཁོ་ནས་བཀང་བ་སོགས་མདོར་ན་ཚུལ་བཞིན་དུ་བཞེངས་པའི་མཆོད་རྟེན་ལ་དགེ་སློང་བཅུས་ཚེ་དཔག་ཏུ་མེད་པ་ལ་བརྟེན་པའི་རབ་ཏུ་གནས་པ་བགྱིས་པ་དང༌། ཡང་ཧོར་ཟླ་ལྔ་པའི་མཇུག་ནས་བཟུང་སྟེ་རྟ་ནག་ལྷ་བྲིས་པས་གཙུག་ལག་ཁང་དུ་བཤམ་རྒྱུའི་དུས་ཐང་རིན་པོ་ཆེ་ཆེ་ལེགས་ཤིན་ཏུ་སྒྲོས་གཙང་བ་ཟླ་བ་གསུམ་དང་ཞག་ལྔའི་བར་དུ་བཞེངས་ཏེ། གོང་གཤམ་ཞལ་ཁེབས་སོགས་ཀྱང་ཕུན་སུམ་ཚོགས་པར་བགྱིས་པ་དང༌། ཡང་རྩེ་གདོང་ནས་བཟོ་རིག་མཁས་པ་མི་བཞི་བོས་ཏེ་ཧོར་ཟླ་དགུ་པའི་ཚེས་བརྒྱད་ནས་བཟུང༌། ནང་རྟེན་འདྲ་སྐུ་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པ་སྐུ་དངོས་མདའ་ཚད་ཙམ་ཁྲི་རྒྱབ་དང་བཅས་པ་དང༌། རིན་ཆེན་གཉིས་པ་འདེགས་སྲང་བརྒྱད་ཅུ་ལས་གྲུབ་པའི་པདྨ་སྤུངས་པའི་མཆོད་རྟེན་མདའ་ཚད་ཙམ་པ་ལ་རིན་པོ་ཆེ་དུ་མའི་ཕྲས་