R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༡༤
[A:༥༡༤]བ་ཡིན་ཏེ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས། འཁོར་བ་ཇི་སྲིད་གནས་ཀྱི་བར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །དེ་སྲིད་དེ་ཡི་དོན་མཛད་པ། །ཕྲིན་ལས་དབང་ཕྱུག་ལ་ཕྱག་འཚལ། །ཅེས་གསུངས་པ་ལྟར་དང༌། རྒྱུད་བླ་མ་ལས་ཀྱང༌། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང༌། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་གསུངས་པ་ལྟར་རོ། །ཀྱེ་མ་སྐྱེ་རྒུའི་བསོད་ནམས་ནི། །འབབ་ཆུ་ཟད་པའི་རྫིང་བཞིན་ཏེ། །འདྲེན་པ་ལན་ཅིག་རྙེད་པ་ཡང༌། །གཟིགས་པ་གཞན་དུ་ཕྱོགས་པར་གྱུར། །ཇི་བཞིན་གཟིགས་པའི་ཆུ་གཏེར་ནི། །སྙིང་རྗེའི་དྲི་བཞོན་གྱིས་བསྲུབས་ཏེ། །ཚད་མར་གྱུར་པའི་ཚིག་གི་ཟླ། །འགྲོ་འདིའི་བློ་མུན་སེལ་ཕྱིར་སྤྲོས། །བདེན་པའི་གསུང་གི་བསིལ་ཟེར་གྱིས། །འགྲོ་འདིའི་རབ་རིབ་ཀུན་བསལ་ཡང༌། །སླར་ཡང་སོམ་ཉིའི་མུན་སྤྲོ་བའི། །ཀྱེ་མ་འགྲོ་བའི་ལས་འདི་ཅི། །གཟོད་ནས་སྐྱེ་རྒ་ན་འཆི་བཞིའི། །རྦ་ཀློང་འཁྲུགས་པའི་ཆུ་གཏེར་ལས། །བརྒལ་ཡང་འགྲོ་འདི་འཁོར་བ་ལས། །ཡིད་འབྱུང་སླད་དུ་བསྙུན་ཚུལ་བསྟན། །དཀར་ཕྱོགས་བདུད་རྩི་ལྟར་བགྱིད་པའི། །ལྷ་རྣམས་མྱ་ངན་ཁུར་འཛིན་ཅིང༌། །རྒྱལ་ཀུན་མགོན་མེད་ལ་གཟིགས་པའི། །སྤྱན་ནི་སྙིང་རྗེའི་ཆུ་ཡིས་བརླན། །དེ་མཐོང་བདག་ཅག་རྣམས་ཀྱི་སྙིང༌། །དུམ་བུར་མི་འགས་རྡོ་རྗེའམ་ཅི། །འོན་ཏེ་ཡིད་སྲུབས་དཔུང་ཚོགས་ཀྱིས། །རིག་སྔགས་བྱིན་པ་ཡོང་མི་ཤེས། །རྒྱལ་གསུང་ཐབས་ཚུལ་སྣ་ཚོགས་ཀྱིས། །རྩ་གསུམ་ལྷ་ཡི་བྱིན་བསྐུལ་ཡང༌། །ལུང་བསྟན་བདེན་པའི་རི་མོ་ནི། །ནམ་ཡང་ཟུབ་པ་ཉིད་མ་གྱུར། །ནམ་ཞིག་འགྲོ་འདིའི་བདེན་འཛིན་གྱི། །འཁྲི་ཤིང་དྲུང་ནས་འབྱིན་པའི་སླད། །བདེ་སྟོང་ཟུང་