[A:༥༡༥]འཇུག་ཏིང་འཛིན་རོ། །ཞག་གསུམ་བར་དུ་རྣམ་པར་མྱངས། །དེ་ནས་མཐའ་གཉིས་སྤངས་པ་ཡི། །གྲུབ་པའི་དགེ་མཚན་བརྙེས་བཞིན་དུ། །རྒྱལ་བ་སྲས་དང་བཅས་པ་དང༌། །ལྷན་ཅིག་མཆོག་གི་གྲོང་དུ་གཤེགས། །ཀྱེ་མ་བླང་དོར་སྟོན་བྱེད་པའི། །སྨྲ་བའི་ཉི་མ་ནུབ་གྱུར་པས། །གངས་ལྗོངས་འགྲོ་འདི་གླིང་བར་གྱི། །མུན་པའི་ནང་དུ་ལྷུང་བ་བཞིན། །ཀྱི་ཧུད་འཁོར་བའི་ནད་འཕྲོག་པའི། །ཆོས་ཀྱི་སྨན་པ་དེ་བཤེགས་པས། །སྲིད་པའི་ཟུག་རྔུས་མནར་བ་ཡི། །གངས་ཅན་འགྲོ་འདི་མགོན་མེད་གྱུར། །མ་ལ་རིན་ཆེན་སྣང་བ་དང༌། །ཉི་ཟླའི་འོད་ཀྱིས་མི་སེལ་བའི། །བཟོད་དུ་མེད་པའི་མྱ་ངན་གྱི། །མུན་པ་ཆེ་འདི་སུ་ཡིས་བྱས༌། །ཀྱི་ཧུད་གླང་པོས་ཆུ་སྐྱེས་རྣམས། །བཅོམ་པའི་པདྨོའི་རྫིང་བཞིན་དུ། །མྱ་ངན་མེ་ལྕེས་ཡིད་བསྲེགས་པའི། །བདག་ཅག་གདུང་བ་ངན་སོང་བཞིན། །མགོན་ཁྱོད་གཟོད་ནས་འགྲོ་བ་ལ། །ཕན་པ་སྒྲུབ་པར་དམ་བཅས་རྫུན། །གཞན་དུ་ཁྱོད་ལ་བརྟེན་པ་ཡི། །མྱ་ངན་ཁུར་འདི་ག་ལས་འོང༌། །ངོ་མཚར་སྒྱུ་མའི་ཚོན་རིས་ཀྱིས། །སྐལ་བཟང་སྤྲོ་བ་སྐྱེད་བསྲིངས་ཀྱང༌། །མགོན་བྲལ་བདག་ཅག་རྣམས་ཀྱི་སྙིང༌། །ལྷག་པར་མྱ་ངན་ཚེར་མས་གདུངས། །འོན་ཀྱང་འཁོར་འདས་ཆོས་ཐམས་ཅད། །སེམས་ཀྱི་ཆོ་འཕྲུལ་ཡིན་ཞེས་གསུངས། །དེ་ཕྱིར་དམ་པའི་དོན་ཉིད་དུ། །གཤེགས་བཞུགས་འདུ་འབྲལ་ཡོད་མ་ཡིན། །དོན་འདི་བདག་ཅག་རྣམས་ཀྱི་ཡིད། །དབུགས་འབྱིན་སྩོལ་བའི་སྨན་གྱི་མཆོག །འཁྲུལ་པ་གཅོད་པའི་སྟྭ་རེ་དང༌། །བྱིན་རླབས་འགུགས་པའི་ཕོ་ཉའང་ཡིན། །ཡིད་བཞིན་ནོར་དང་དཔག་བསམ་གྱི། །ཁེངས་པའི་རི་བོ་སྙིལ་བྱེད་པའི། །འགྲོ་འདིའི་བསོད་ནམས་ཞིང་མཆོག་ཏུ། །བཞག་པའི་སྐུ་གདུང་རིན་པོ་ཆེར། །རྒྱལ་བ་འགྲོ་ལ་ཕན་མཛད་ཀྱིས། །རྒྱུད་དུ་ཇི་སྐད་གསུངས་པ་