[A:༥༡༦]ལྟར། །སྲི་ཞུའི་བྱ་བ་ཐམས་ཅད་ཀྱང༌། །ཚོགས་གཉིས་རྫོགས་པའི་སླད་དུ་བསྒྲུབས། །གངས་ཅན་སྐྱེ་རྒུའི་བསོད་ནམས་ཀྱིས། །མགྲོན་དུ་ཉེ་བར་ཁུག་པ་ཡི། །དབུས་གཙང་ལྗོངས་ཀྱི་རྟེན་གསུམ་དང༌། །བླ་མ་དགེ་འདུན་བཅས་རྣམས་ལ། །མཆོད་དང་བསྙེན་བཀུར་བསྟབས་པ་ཡི། །བསོད་ནམས་ཟླ་ཤེས་གཞོན་ནུའི་འོད། །སྔོན་བསགས་སྡིག་པའི་མུན་པ་རྣམས། །ཟིལ་གྱིས་གནོན་ལ་ཆས་པ་བཞིན། །དད་པའི་ནོར་གྱིས་རྒྱུད་ཕྱུག་པའི། །སྐལ་བཟང་ཐར་པར་ཆས་རྣམས་ཀྱིས། །བསོད་ནམས་གསོག་པའི་ཞིང་མཆོག་ཏུ། །ངོ་མཚར་འབར་བའི་རྟེན་རྣམས་བཞེངས། །འབད་རྩོལ་མེད་པར་ཡིད་བཞིན་དུ། །རྗེས་ཀྱི་བྱ་བ་ཀུན་འགྲུབ་པ། །མགོན་ཁྱོད་བྱིན་རླབས་མཐུ་ཁོ་ནར། །ངེས་པའི་ཀ་བ་སྙིང་ལ་ཚུགས། །ཚུར་མཐོང་གདུལ་བྱ་འདུལ་བའི་སླད། །མཛད་པའི་ཐ་མ་འདི་བསྟན་ཡང༌། །དོན་དམ་འཁོར་བ་མ་སྟོང་བར། །དེ་སྲིད་འགྲོ་དོན་རྒྱུན་མི་འཆད། །ཕྱོགས་འདིའི་མགོན་མེད་གདུལ་བྱ་ལ། །རྗེས་བརྩེའི་ཤིང་རྟས་ཉེར་དྲངས་ཏེ། །སྤྲུལ་པའི་ཟླ་གཞོན་མྱུར་ཤར་ནས། །ཕན་བདེའི་ཀུ་མུད་རྒྱས་པར་མཛོད། །སྔོན་བྱོན་རྒྱལ་བ་ཐམས་ཅད་ཀྱིས། །བསྒྲལ་བར་མ་ནུས་བདག་ལྟ་བུའི། །འགྲོ་རྣམས་དེང་ནས་བྱང་ཆུབ་བར། །ཁྱོད་ཀྱིས་རྗེས་སུ་འཛིན་གྱུར་ཅིག །དེ་མཐུས་ཚེ་རབས་ཐམས་ཅད་དུ། །ཡོངས་རྫོགས་བསྟན་པའི་སྒོར་ཞུགས་ཤིང༌། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོ་ཡིས། །དོན་གཉིས་མྱུར་དུ་འགྲུབ་པར་ཤོག། །།དེ་ལྟར་ཛམ་བུའི་རྐང་འཐུང་གིས་ཉེ་བར་མཚན་པའི་ལྗོངས་འདིར་ཕན་བདེའི་ཉི་མ་གསར་དུ་འཆར་བའི་སླད་དུ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་གྲུབ་པའི་འཁོར་ལོས་སྒྱུར་བ་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་སོ་སོ་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་དུ་གྱུར་པ་རྣམས་རེ་ཞིག་