R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༦༩
[A:༣༦༩]ཉ་མོ་ཁྲོ་མོ་དམེ་བརྩེགས་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ལུང༌། བྱ་རྒྱུད་ནོར་ཅན་གྱི་རིགས་ཛཾ་དཀར་འབྲུག་ཞོན་ལྷ་ལྔ་ཇོ་བོ་ལུགས་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་དང༌། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ལུང༌། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་སུ་གནང་བ་སྤྲོ་བ་ལྔ་དང་བཅས་པ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་བཅས། རྒྱུད་སྡེ་གཉིས་པ་སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང༌། རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལས་བསྟན་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཀུན་རིག་གི་ཆོ་ག་གཞན་ཕན་མཐའ་ཡས། བསྙེན་རྒྱས་སྒྲིབ་པ་རྣམ་སེལ། ཆ་གསུམ་གྱི་ཆོ་ག་རྣམས་ངོར་ཆེན་གྱིས་མཛད་པ། དབང་གི་མཚམས་སྦྱོར་དང༌། སྦྱིན་སྲེག་རོ་སྲེག་སཱཙྪ་རབ་གནས་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྙེན་རྒྱས་ལྷན་ཐབས་ཐར་པཎ་གྱིས་མཛད་པ་རྣམས་ཀྱི་ལུང༌། རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་མེད་ཀྱི་སྐོར་ལ། ཕ་རྒྱུད་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་འཕགས་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས། དཀྱིལ་ཆོག །གཏོར་ཆོག །མཆོད་ཆོག །མཆོད་ཕྲེང་རྣམས་ངོར་ཆེན་གྱིས་མཛད་པའི་ལུང༌། གྲུབ་ཆེན་བིརྺ་པས་བཀྲལ་བའི་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས་དང་དཀྱིལ་ཆོག་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གསལ་བྱེད། བརྒྱུད་འདེབས།