[A:༣༤༩]རིགས་སུ་འཁྲུངས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ངེས་འབྱུང་སྙིང་རྗེ་སོགས། །ཐེག་ཆེན་རིགས་ཀྱི་ནུས་པ་ཡོངས་རྫོགས་པས། །བསྔགས་འོས་ཡོན་ཏན་བྱེ་བའི་སྣང་བ་ཡིས། །གྲགས་པའི་ཨུཏྤལ་རྒྱས་དེར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཏེ། དེའང་ཇི་སྐད་དུ་འཕགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པ་བསྟན་པའི་མདོ་ལས། ཁམས་གསུམ་དུ་མཚམས་སྦྱོར་བ་མི་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་མ་ཡིན་གྱི། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ནོ། །ཞེས་དང༌། གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་རྣམས་ནི་འཁོར་བ་ལ་ཡོངས་སུ་སྐྱོ་བའི་བློ་སྐྱེ་བར་མི་འགྱུར་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་འཁོར་བ་ལ་ཕན་ཡོན་དུ་བལྟ་བ་ལགས་ཀྱི། མྱ་ངན་ལས་འདས་པ་ལ་ནི་དེ་ལྟ་མ་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་ལ་བརྩོན་པ་ལགས་སོ། །ཞེས་བཀའ་སྩལ་པ་ལྟར། བདག་ཉིད་ཆེན་པོ་རྣམས་ནི་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ལ་གཞར་ཡང་མི་ཆགས་པར། ཇི་ལྟར་པདྨོའི་ཚལ་དུ་བུང་བ་འཇུག་པ་བཞིན་དུ་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བའི་སྒོ་ནས་སྲིད་པ་ཡོངས་སུ་གཟུང་བ་ལ་རྩེ་གཅིག་ཏུ་གཞོལ་བ་ཆོས་ཉིད་ཡིན་པ་ལྟར། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཡོན་ཏན་རིན་པོ་ཆེའི་ཕུང་པོར་གྱུར་པ་འདིས་ཀྱང་གདུལ་བྱ་འདུལ་བའི་ཐབས་ལ་གཟིགས་ཏེ་ཆོས་ཀྱི་དབྱིངས་རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ངོར་ལོངས་སྤྱོད་རྫོགས་པའི་སྐུ་དང༌། གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་