[A:༣༥༠]མཆོག་དང་མཆོག་མ་ཡིན་པའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་ལས། འདིར་སྐབས་སུ་བབ་པ་བདག་ཅག་སྐལ་བ་དམན་པ་རྣམས་ཀྱི་དོན་དུ་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་རོལ་པར་བཞེད་དེ། དེའང་འདིའི་འཁྲུངས་པའི་ཡུལ་ནི། བྱང་ཆུབ་ཀྱི་སྙིང་པོ་འཕགས་ཡུལ་རྡོ་རྗེ་གདན་ལས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པའི་གནས། གཙང་ལ་སྟོད་གྲམ་པ་དཔལ་ལྡན་ས་སྐྱ་ཞེས་ཡོངས་སུ་གྲགས་པ་དང་ཧ་ཅང་མི་རིང་བའི་ཡུལ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་དང་ཁད་ཉེ་བའི་སའི་ཐིག་ལེ་རྩེ་ན་རྒྱ་མཚོ་གླིང་ཞེས་པར། ཡབ་མཁན་ཆེན་ནམ་མཁའ་བསམ་འགྲུབ་ཀྱི་རུས་དབོན་པདྨ་དོན་གྲུབ་ཅེས་བྱ་བ་བྱ་བ་དང་བྱ་བ་མ་ཡིན་པའི་བླང་དོར་ལ་མཁས་པ། ཕོ་རྩལ་སྣ་དགུ་ལ་སོགས་པའི་སྟོབས་ཀྱི་ཕ་རོལ་ཏུ་སོན་ཞིང༌། རིགས་གཟུགས་ལོངས་སྤྱོད་ཀྱིས་མངོན་པར་སྒེག་པ་དེ་དང༌། ཡུམ་ཁ་ན་མ་ཐོ་བ་མེད་པའི་རིགས་སུ་འཁྲུངས་ཤིང་ངོ་ཚ་དང་ཁྲེལ་ཡོད་ཀྱིས་བརྒྱན་པ། དད་པ་དང་སྙིང་རྗེ་དང་གཏོང་བ་ལ་སོགས་པ་ཡ་རབས་ཀྱི་ཡོན་ཏན་མང་པོས་མཛེས་པ་པདྨ་བུ་ཁྲིད་ཅེས་བྱ་བ་སྟེ། ཡབ་ཡུམ་དེ་གཉིས་ལ་སྲས་དྲུག་ཙམ་ཡོད་པ་ལས། ཕུ་བོ་གཉིས་ཀྱི་འོག་མར་གྱུར་པ་དེ་ནི་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཡོན་ཏན་མ་ལུས་པའི་གཏེར་མཛོད་དུ་གྱུར་པ་འདི་ཉིད་ཡིན་ཏེ། དེའང་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡབ་ཡུམ་ལ་རྨི་ལྟས་བཟང་བ་ལ་སོགས་པ་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང༌། དེ་ནས་ཇི་སྲིད་ཕྱིར་མ་བཙས་ཀྱི་བར་དུའང་ཡུམ་གྱི་ལུས་ཡང་ཞིང་ཟོ་མདོག་བདེ་བ་དང༌། རང་བཞིན་གྱིས་དགེ་བ་ལ་སྤྲོ་ཞིང་ཏིང་ངེ་འཛིན་ངང་གིས་སྐྱེ་བ་ལ་སོགས་པ་དགེ་མཚན་མཐའ་དག་མངོན་དུ་གྱུར་བཞིན་པའི་ངང་ནས། རབ་བྱུང་བཅུ་གསུམ་པའི་ནང་གསེས་ལེགས་སྦྱར་གྱི་སྐད་དུ་ས་མྱ་ཞེས་པ་ཞི་བ་སྟེ་རྒྱ་རྩིས་