[A:༤༠༢]རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་བསྒྲིགས་པའི་ལམ་འབྲས་གླེགས་བམ་པོད་སེར་མར་གྲགས་པ་དང༌། ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་བསྒྲིགས་པའི་གསུང་ངག་གླེགས་བམ་པོད་དམར་དུ་གྲགས་པ་རྣམས་ཀྱི་ལུང་བཅས་ལེགས་པར་གསན་ཅིང་ཚིག་དོན་རྣམས་ཀྱང་བསམས་བྱུང་གི་ཤེས་རབ་ཟབ་མོས་མངོན་སུམ་དུ་མཛད་པ་ཡིན་ནོ། །གཞན་ཡང་དེ་སྐབས་ཀྱི་ལོ་སྔ་ཕྱི་ཀུན་ཏུ་དོན་གཉེར་སོ་སོའི་མོས་པ་དང་བསྟུན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཅི་རིགས་པར་བསྐོར་ཏེ། གདུལ་བྱ་ཆོས་ལ་མ་དད་པ་རྣམས་དད་པ་དང༌། དད་པ་རྣམས་ཀྱི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དེ། མདོར་ན་བཤད་སྒྲུབ་ཀྱིས་བསྡུས་པའི་བསྟན་པ་རིན་པོ་ཆེ་ཉི་འོད་ཀྱིས་ཕྱེས་པའི་པདྨོ་བཞིན་དུ་རྒྱས་པར་མཛད་པ་ཡིན་ནོ། །གང་དུ་སོན་པ་ཙམ་གྱིས་ཀྱང༌། །སྲིད་པའི་འཇིགས་པ་ཟིལ་གནོན་པའི། །དཔལ་ལྡན་ས་སྐྱ་ཞེས་གྲགས་པ། །དད་པའི་སྤྱན་གྱིས་ལེགས་པར་མཇལ། །དེ་ན་བརྟན་པའི་འཁོར་ལོ་ཉིད། །མི་ཡི་རྣམ་པར་ཤར་རྣམས་ལས། །དམ་པའི་ཆོས་ཀྱི་སྨན་ཆེན་པོ། །འཁོར་བའི་རིམས་ནད་ཞི་ཕྱིར་བླངས། །ཁྱད་པར་མི་ཟད་ཆོས་ཀྱི་གཏེར། །དབང་བསྒྱུར་ནམ་མཁའི་མཚན་ཅན་ལས། །ཟབ་རྒྱས་ཆོས་ཀྱི་ཟིལ་དངར་རྒྱུན། །ལེན་ཕྱིར་རབ་ཏུ་ཆས་པ་ན། །བསྟན་སྲུང་རྣམས་ཀྱང་སྤྲོ་དགའ་ཡི། །ཆུ་ཡིས་ལན་བརྒྱར་བཀྲུས་པ་བཞིན། །འཛུམ་དཀར་ཁོངས་ནས་དགོད་བཞིན་དུ། །བསུ་བའི་བཀོད་པ་བཤམས་ལ་བྲེལ། །དེ་ནས་མང་དུ་ཐོས་པ་ལ། །གཞར་ཡང་ངོམས་པ་མེད་པ་འདིས། །ཤིན་ཏུ་བགྲོད་དཀའི་ལམ་རྣམས་ཀྱང༌། །བདུད་རྩི་བཞིན་དུ་དགའ་བས་བསྟེན། །ནམ་ཞིག་སྨྲ་བའི་དབང་ཕྱུག་དེའི། །མཚན་དཔེའི་དཀྱིལ་འཁོར་མཇལ་བ་དང༌། །ལྷན་ཅིག་ཤེས་རབ་རྒྱས་པའི་ལྟས། །མངོན་སུམ་བཞིན་དུ་འོངས་པར་གྱུར། །མ་བསླབས་པ་ལ་ཀུན་མཁྱེན་